R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༡༦
[A:༤༡༦]བཙུན་མ་རྣམས་ཀྱིས་ཐབ་སྐྱེལ་རྒྱས་པར་ཞུས་ཏེ། བསམ་འགྲུབ་བདེ་ཆེན་གྱི་གཞིས་ཁར་བཞུགས་ཞག་གཉིས་བཀའ་དྲིན་བསྐྱངས་རིང་མངའ་ཞབས་ཀྱི་སྐྱེ་བོ་རྣམས་ཀྱིས་སྤྱིར་མཇལ་སོགས་ཡང་དག་བྱས་སོང༌། རིམ་གྱིས་རྒྱུན་གྱི་དབང་པོའི་བླ་བྲང་ཉིད་དུ་ཕེབ་སྟེ་ལུགས་གཉིས་ཀྱི་མཛད་པ་བསམ་པའི་ར་བ་ལས་འདས་པ་ཁོར་ཡུག་ཏུ་བཀའ་དྲིན་བསྐྱངས། ཚ་བ་བླ་མའི་འབུལ་སྡུད་ཚབ་ཏུ་བླ་མ་མཁྱེན་རབ་བཟང་པོ་རྫོང་བདའ་གནང་བར་རྟ། དྲེའུ་སོགས་དགོས་ཆ་གང་དགོས་བཀའ་དྲིན་བསྐྱངས་ཐོག །ལོ་སྔོན་མ་འབྱོར་པའི་འགྲུལ་པ་ཁམས་ལ་འབྱོན་མི་རྣམས་ལ་བབས་འབྲེལ་དང་བསྟུན་པའི་གནང་སྐྱེལ། དམ་རྫས། ཕྱག་མདུད། ལུགས་གཉིས་དང་འབྲེལ་བའི་བསླབ་སྟོན་སོགས་ཡང་དག་གནང་སྟེ་རྫོང་བདའ་བཀའ་དྲིན་བསྐྱངས། དབྱར་གཞིས་བཀྲ་ཤིས་སྒང་དུ་ཉན་པོ་འཚོ་མཛད་ཚང་གི་སྲས་མོ་སྤ་སྤ་དེ་ཉིད་ཀྱི་ཆུན་མར་ཡོད་པ་དེར་སྲས་ཤིག་བྱུང་བའི་གནས་ཚུལ་འབུལ་མི་བྱུང་སོང་བར། བར་ཆད་སྲུང་བའི་སྲུང་འཁོར། ཕྱག་མདུད། མིང་སོགས་འདོགས་པ་དང༌། བསྟན་སྲུང་དབང་མོར་གཏང་རག་གི་བསྐང་བ་རྒྱས་པ་ཞིག་ཀྱང་གནང་སོང༌། ཟ་དམ་ནས་དད་གུས་ཕུན་སུམ་ཚོགས་པའི་སྦྱིན་བདག་ཆེན་པོ་གཡར་སྡེ་དྲུག་ཅུས་གནས་ཀྱི་རྟེན་གསུམ་བཞེངས་པའི་རབ་གནས་སུ་གདན་འདྲེན་ཞུས་སོང་བ་དཔོན་སློབ་མང་དག་གི་ཆིབས་ཁ་བསྐྱོད་དེ། བཅོམ་ལྡན་འདས་ངན་སོང་སྦྱོང་བའི་ཆོ་ག་དང་འབྲེལ་བའི་རབ་གནས་སྟ་གོན་མ་ཤིན་ཏུ་རྒྱས་པ། རྟ་མགྲིན་གསང་སྒྲུབ་ཀྱི་བཀའ་གཏད་སོགས་དབང་རྗེས་གནང་རིགས་མང་བ་དང༌། སྐུ་གསུང་ཐུགས་རྟེན་བཞེངས་པར་ལེགས་སྐྱེས་གནང་ཆ་