[A:༤༡༧]དཔངས་མཐོ་བ་དང༌། བཀྲ་ཤིས་པའི་ལྷ་རྫས་ཆེ་ལེགས་ཀྱི་མགུལ་དར་དང་བཅས་ཏེ་བཀྲ་ཤིས་ཀྱི་མངའ་གསོལ་བཀའ་དྲིན་བསྐྱངས་ཤིང༌། ཚུར་ཡང་ཞག་གཉིས་བཞུགས་གདན་འཇགས་རིང་སྟོན་མོ་གཞིས་ལེན་ཟབ་རྒྱས་ཡང་ནས་ཡང་དུ་ཞུས་པ་དང༌། འབྲུ་ཆ། གོས་དར། སྣམ་རས་སོགས་ཀྱི་འབུལ་བའང་རྒྱ་ཆེར་བར་ཕུལ་འདུག །དེ་ནས་གཞིས་བཀྲ་ཤིས་སྒང་དུ་གསར་འཁྲུངས་ལ་བཀའ་དབང་སོགས་བྱིན་རླབས་སྩོལ་བའི་ཆིབས་ཁ་བསྐྱོད་ནས་བཞུགས་ཞག་གསུམ་ཙམ་བཞུགས་རིང་ཚེ་དབང༌། འབྱུང་འདུལ། རྟ་མགྲིན། དཔལ་ལྡན་ལྷ་མོ་བཅས་ཀྱི་རྗེས་གནང་ཤིན་ཏུ་རྒྱས་པར་བཀའ་དྲིན་བསྐྱངས། བླ་མ་ཕྱག་མཛོད་ལགས་ཀྱི་སྟོན་མོ་ཟབ་རྒྱས་ཐོག །སྲས་གསར་འཁྲུངས་ཀྱི་ལེགས་བྱ་རྒྱས་པར་ཞུ་བ་གནང་ཞིང༌། ཞལ་ངོ་རྣམས་དང་མངའ་ཞབས་བཅས་ནས་གཞིས་ལེན་ཟབ་རྒྱས་ཞུས་ཏེ་རྒྱུན་གྱི་དབང་པོར་ཆིབས་ཁ་བསྐྱོད། སྟོན་སྐུའི་འཕྲོད་བསྟེན་དུ་གྲོ་མ་ལུང་གི་ཆབ་ཚན་ལ་ཆིབས་ཁ་བསྐྱོད་རྩིས་དགོངས་པ་གཏད་པ་ལྟར། ལོ་སྔོན་མའི་བསླབ་སྟོན་དང་ད་ལན་གྱི་ཞབས་ཕྱིར་ངེད་རང་ཞབས་དྲུང་སྐུ་གཞོན་སོགས་ཕོན་ཆེ་བ་དང་བཅས་ཆིབས་ཁ་བསྒྱུར་ཏེ། མཁས་ཤིང་གྲུབ་པའི་འབྱུང་གནས་ཤ་བ་འབུམ་པར་ཆིབས་ཁ་བསྐྱོད་ནས་ཞག་ཤས་བཞུགས་གདན་འཇགས་རིང་མཆོད་པ་རྣམ་ལྔ། དར་ལྕོག །དར་ཆེན་འཛུགས་པ། བཙུན་མ་རྣམས་ལ་མང་ཇ། བླ་མར་བསྔོ་རྟེན། ལས་ཚན་པ་རྣམས་ལ་རྣམ་གཞག་སོགས་ཟབ་རྒྱས་སུ་བཀའ་དྲིན་བསྐྱངས། དེར་གནས་བཙུན་མ། ཡོན་བདག་དད་ཅན་རྣམས་ཀྱིས་འབུལ་ནོད་རྒྱ་ཆེ་བ་ཕུལ་བར་འཁོར་གསུམ་ཡོངས་དག་ལྗགས་བསྔོ་སོགས་ཚད་མེད་པ་བཀའ་དྲིན་བསྐྱངས།