R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༡༨
[A:༤༡༨] སྒོམ་ཁང་ནས་ཇོ་ལགས་སྐུ་མཆེད་དང་གྲྭ་རིགས་རྣམས་ཀྱིས་ཕེབ་ཞོར་དུ་ཆིབས་ཁ་བསྐྱོད་དགོས་ཚུལ་ནན་གྱིས་ཞུས་སོང་བ། རྟེན་གསུམ་རྣམས་ལ་ཕྲིན་བཅོལ་དང་གནས་གཞི་བྱིན་རླབས་འཇུག་ཁྱད་སོགས་དགོས་པ་ཁྱད་པར་ཅན་འགའ་རེས་རྐྱེན་བྱས་ཏེ་ཕེབ་པའི་དགོངས་རྩེ་གཏད་སོང་བ། དགོན་དུ་ཕེབ་སྐབས་ནམ་མཁའ་ཤིན་ཏུ་དྭངས་པ། འཇའ་ཚོན་ཁ་དོག་སྣ་ལྔའི་འཇའ་གུར་དང༌། ཉི་ཁྱིམ་འབྲུག་སྒྲ་དལ་བུར་སྒྲོགས་པའི་ཁོངས་ནས་ཆར་རྡོག་ཤིན་ཏུ་ཆེ་བའི་རྒྱུན་བབ་ཅིང་ཉི་མའི་དཀྱིལ་འཁོར་ཀྱང་འོད་ཤིན་ཏུ་གསལ་བ་སོགས་ཡ་མཚན་གྱི་ལྟས་ཁྱད་པར་ཅན་འགའ་རེ་དང་ལྷན་ཅིག་སྒོམ་ཁང་བ་དཔོན་སློབ་རྣམས་ཀྱིས་བསང༌། དར་འཕྱར། དུང་འབུད་སོགས་ཕེབ་བསུ་རྒྱས་པར་ཞུས་ཏེ་བླ་བྲང་ཉིད་དུ་ཕེབ་འཕྲལ་ཇོ་ལགས་སྐུ་མཆེད་ནས་དཀར་གྲོའི་སྟོན་མོ་དང༌། གསོལ་ཇ། ཞོ། འབྲས་ཐུག་སོགས་གཞིས་ལེན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཞུ་བ་གནང༌། བཞུགས་ཞག་གསུམ་ཙམ་བཞུགས་རིང་མགོན་ཁང་དུ་གསུང་བསྐང་ཟབ་རྒྱས་སྔར་ལས་ཀྱང་ལྷག་པར་སྩལ་ཞིང༌། ཕྲིན་བཅོལ་གྱི་རིམ་པ་ཡང་ཡང་དུ་བཀའ་དྲིན་བསྐྱངས། དེར་གནས་དཔོན་སློབ་རྣམས་ལ་དབང་རྗེས་གནང༌། བྱང་བསྔོ་སོགས་ཆོས་ཕྱོགས་དང༌། ཕྱག་མདུད། བྱིན་རྟེན། མང་འགྱེད་སོགས་དངོས་པོའི་གནང་སྐྱེས་དཔངས་མཐོ་བའི་ཐོག །སྤྱི་སྒེར་དུ་བསླབ་སྟོན་ཡང་དག་བཀའ་དྲིན་བསྐྱངས། ཕྱིར་ཕེབ་ཉིན་མགོན་ཁང་དུ་ཕྲིན་བཅོལ་ལ་ཕེབ་སྐབས་རྟེན་རྣམས་ཀྱི་གཡས་ཕྱོགས་ཀྱི་རྟེན་ཐུག་དེར་སྤྱན་ཡུན་རིང་དུ་གཟིགས་རྟོག་བཀའ་དྲིན་བསྐྱངས་ཏེ། ཆོས་སྐྱོང་གི་གཙོ་བོ་ཞིག་འདི་ན་བཞུགས་འདུག་ཅེས་བསླབ་སྟོན་དུ་སྩལ་བ། གཉན་མགོན་ཆེན་པོ་ཞལ་བཞི་པ་ཡིན་ནམ་