[A:༤༡༩]སྙམ་པ་ལྷན་སྐྱེས་སུ་ཤར། ཆིབས་ཁ་བསྒྱུར་བར་རྫ་བོ་ཆེའི་འཕང་ལ་ཟིན་ཙམ་དུ་བཙུན་མ་རྣམས་ཀྱིས་ཐབ་སྐྱེལ་ཞུས་ཤིང༌། རྗེ་དྲུང་ངག་དབང་གྲགས་པས་གཙོས་སྒོམ་ཁང་པ་དཔོན་སློབ་རྣམས་ལ་སྐྱེལ་དར་གནང་སྐྱེས་རྒྱ་ཆེ་བ་སྩལ་ཏེ་ཕེབ་པར་སྲུང་མ་རྣམས་འཕྲེང་གི་རྣམ་པས་བཞུགས་སྒར་སར་མ་ཕེབ་ཙམ་དུ་སེར་དྲག་ཤིན་ཏུ་ཆེ་བར་བབས་ཤིང༌། གཡས་གཡོན་གྱི་རི་རྩེར་ཐོག་འཁྱུག་ཁ་ཤས་བརྒྱབས་སོང་ཀྱང༌། དམ་པ་དེ་ཉིད་ཀྱི་ཐུགས་རྗེར་བརྟེན་མི་ཕྱུག་གང་ལ་གནོད་པའི་རིགས་གཏན་ནས་མ་བྱུང་ཞིང༌། ཕྱིས་སུ་བསམ་ཚེ་དག་ཞིང་དུ་ཕེབ་པའི་དགོན་གནས་འདིར་སྐུ་ཚེ་འདིར་ཕེབ་པའི་ཕྲིན་ལས་ཀྱི་མཐའ་མར་སོང་བ་ཆོས་སྲུང་རྣམས་ཀྱིས་མ་བཟོད་པའི་ངན་ལྟས་སུ་འདུག །ཕེབ་ཞག་གསུམ་བཀའ་དྲིན་བསྐྱངས་ཏེ་གྲོ་མ་ལུང་གི་ཆབ་ཚན་ཁར་ཆིབས་ཁ་བསྒྱུར་ནས། ཆབ་ཞག་བདུན་གྱི་རིང་སྐུའི་འཕྲོད་བསྟེན་གནང་སྟེ། གནས་དེའི་ཕུར་ཨོ་རྒྱན་ཆེན་པོའི་གནས་ཞིག་འདུག་པ་དེར་ཕེབས་འདུན་གཏད་དེ། ངེད་ཞབས་འབྲིང་པ་རྣམས་ལ་བསླབ་སྟོན་སྩལ་བྱུང་བ་ལྟར་ཞབས་ཕྱི་རྒན་གྲས་རྣམས་ཀྱི་ཐུགས་སེམས་ལ་བབས་པ་ཞིག་བྱུང་མ་སོང་ཀྱང༌། ངེད་ནས་སངས་རྒྱས་ཀྱི་མཛད་པར་ངེད་རང་རྣམས་ཀྱི་བསམ་ཐོག་ཏུ་བཏང་ཚེ་སྐུ་ཚེ་མཛད་ཕྲིན་སོགས་གང་སྤྱིར་མི་འགབ་ཚུལ་ཞུས་པར་ཤིན་ཏུ་དགེས་པའི་ཚུལ་གྱིས་ཐུགས་དམ་གཏོར་མ་སོགས་བཅའ་བཤམས་རྣམས་ཀྱི་བསླབ་སྟོན་ཕེབ་བྱུང་བ་ལྟར་མཆོད་དཔོན་སོགས་ལ་བཀོད་པར་བྱས་ཞིང༌། ངེད་རགས་བསྡུས་ཤིག་ས་ལམ་སོགས་ལ་བལྟ་བར་ཕྱིན་ཞིང༌། བསང་ཤིང་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་གྲབས་གཤོམ་ཐོགས་མེད་འོང་