R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༢༠
[A:༤༢༠]བར་བྱས། ཕྱིར་ནང་སྔ་བར་མཆོད་པའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་བཅས་ནས་ཆིབས་ཁ་བསྒྱུར་བར་སྒྲུབ་ཕུག་ནང་དུ་མཉམ་མེད་འཇའ་ཚོན་སྙིང་པོའི་གཏེར་མ། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་ལས་བྱང་བཀའ་དྲིན་བསྐྱངས་སོང་བའི་ཞབས་ཕྱི་ངེད་བློ་ལ་ཡོད་པ་རྣམས་ཀྱིས་བྱས། ཕྱི་ཉིན་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཐམས་ཅད་རང་འགྲིགས་སུ་གྱུར་ཚུལ་སོགས་བསླབ་སྟོན་ཞིབ་རྒྱས་སུ་བཀའ་དྲིན་བསྐྱངས། དྲི་ཟའི་རྒྱལ་པོར་ཡང་སྒེར་དུ་གསོལ་ཁ་སོགས་གནང་སོང་བར་ནམ་མཁའ་དྭངས་ཤིང་འཇའ་གུར་འབིགས་པ་སོགས་ལྟས་ཁྱད་པར་ཅན་ཆེས་མང་བ་ཞིག་ཀྱང་བྱུང་སོང༌། དེ་ནུབ་བཞུགས་སྒར་དུ་ཆིབས་ཁ་བསྒྱུར་ཏེ། ཕྱི་ཉིན་ཕེབ་པའི་བཞུགས་ཞག་སར་རྒྱལ་རག་གི་རུ་བ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་བཀའ་དྲིན་བསྐྱངས། འདི་དུས་དང་ཕར་ཕྱིན་གྱི་ཕེབ་ལམ་གྲོ་མ་ལུང་དུ་བཞུགས་རིང་བཅས་པར་རྒྱུ་སྦྱོར་བའི་སྦྱིན་བདག་དང༌། དད་ཅན་གྱི་གྲྭ་རིགས་སོགས་ཆེས་མང་བས་འབྲི་གཡག །མར་འཕྱུར་སོགས་འབུལ་ནོད་རྒྱ་ཆེ་བ་བྱུང་སོང་བར། ཟབ་པ་ཆོས་ཀྱི་དབྱིངས་དང༌། རྒྱ་ཆེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་སོགས་གང་ལ་གང་འཚམས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཞིང༌། ཕྱག་མདུད། བྱིན་རྟེན། གནང་སྐྱེས་སོགས་གཟབས་པར་བཀའ་དྲིན་བསྐྱངས། གཡེ་ལ་བརྒྱུད་དར་ཡུལ་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ཕེབ་ཞག་གསུམ་པའི་བཞུགས་གནས་སྒོམ་ཁང་མདོར་བཀའ་དྲིན་བསྐྱངས་སོང་བར། འདི་ནུབ་ཆབ་ཀྱིས་ལྟེམ་གཞི་འཕར་བའི་སྐུ་ཧ་ཅང་བདེ་བ་རང་ཞིག་མ་བྱུང་བའི་ཚུལ་གྱིས། རྒྱུན་གྱི་དབང་པོར་ཤར་རྒྱག་