R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༢༡
[A:༤༢༡]ཕེབ་པ་ལས། ཕྱོགས་སུ་གདན་འདྲེན་ཞུ་མི་རྣམས་ཀྱི་སར་ཆིབས་ཁ་བསྐྱོད་ཐུབ་པ་ཞིག་བྱུང་མ་སོང༌། བླ་བྲང་དུ་ཕེབ་པ་ནས་བཟུང་ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་རྗེ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ། ཚེ་དབང་བརྒྱ་ཚར་མང་བ་དང༌། སེང་གདོང་མ་སོགས་རྗེས་གནང་གི་རིགས་ཆེས་མང་བ་ཞིག་གསན་པ་གནང་ཤིང༌། འཚོ་མཛད་དོན་འགྲུབ་ཀྱིས་སྐུའི་འཕྲོད་བསྟེན་དང༌། ངེད་ཁུར་ལེན་རྣམས་ཀྱིས་བཀའ་འགྱུར་སོགས་ཆོས་སྒྲོགས་ཀྱི་རིགས། བསྐང་གསོ། སྔགས་པ་བསམ་འགྲུབ་ཀྱིས་མདོས་རིགས་སོགས་སྐུ་རིམ་ཡང་དག་བསྒྲུབས་པས་རིམ་གྱིས་དྭངས་བསྐྱེད་ཆེ་བར་བྱུང༌། ལྷ་གཤོང་ནས་སྐུའི་ཚ་མོ་དཔོན་ས་ལྷ་ལྡན་དཔོན་གཡོག་རྣམས་མཇལ་ཁར་ཕེབ་སྟེ་རིན་སྡིངས་ལ་ཟླ་གཅིག་ཙམ་བཞུགས་རིང༌། སྐབས་འཚམས་སུ་མཇལ་ཁ་རྒྱས་པ་དང༌། ཚུར་ཕེབ་དང་ཕར་འབྱོན་ལ་སྟོན་མོ་ཤིན་ཏུ་རྒྱས་པ་དང༌། ཕར་འབྱོན་དུས་བཀའ་དབང་གི་རིགས་མང་བ། རྫོང་བར་རྟ། མཛོ་མོ་སོགས་རྒྱས་པར་སྩལ་ཐོག་ཆོས་འཇིག་རྟེན་གྱི་བསླབ་བྱ་མཐར་ཕྱིན་པ་བཀའ་དྲིན་བསྐྱངས་ཏེ་རྫོང་བདའ་གནང༌། སྨིན་གྲོལ་གླིང་ནས་དམ་པ་གང་གི་སྐུའི་རིགས་དཔོན་མཆོག་སྤྲུལ་རིན་པོ་ཆེ་དཔོན་སློབ་རྣམས་གསང་སྔགས་རྙིང་མ་ཕྱོགས་ཀྱི་བཀའ་གཏེར་ནས་གསུངས་པའི་ཕྱག་ལེན་དང༌། སྒྲ་སྙན་ངག་སོགས་རིགས་གནས་སྐོར་གསན་བསམ་མཐར་ཕྱིན་ཏེ། རྒྱུན་གྱི་དབང་པོར་ཕེབ་པ་དགོན་གནས་ཀྱི་བླ་ཁག་ལས་ཚན་གྱིས་མཚོན་ཆེས་མང་བས། ཆིབས་བསུ་དང༌། བླ་བྲང་སྟེང་ནས་བསང༌། དར་འཕྱར། དུང་འབུད། དགེ་འདུན་འདུས་པའི་ཚོགས་ཀྱིས་སེར་ཕྲེང་