[A:༤༢༢]སོགས་ཕེབ་བསུའི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་ཏེ། བླ་བྲང་འདི་ཁའི་གཟིམས་ཆུང་ཉི་འོད་དུ་མེས་དབོན་རྣམ་ཞལ་མཛོམ་དུ་ཕྱག་ལེན་དང༌། མཇལ་དར་སོགས་སྐུ་བཟོས་ཤིན་ཏུ་ཆེ་བར་བཀའ་དྲིན་བསྐྱངས་ཤིང༌། ལུགས་ཟུང་གི་བཀའ་མཆིད་འབྱམས་ཀླས་སུ་སྩལ། དེ་ནས་མི་རིང་བར་སྔོན་ནས་འོད་མཆོག་སྤྲུལ་སྐུ་གོང་མས་འདྲེན་མཆོག་བླ་མ་འདི་ཉིད་ལ། མཁས་པའི་དབང་ཕྱུག་བ་རི་ལོ་ཙཱ་བའི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་རིམ་པ་རྣམས་དགོས་ཚུལ་ཞུ་བ་གནང་བར་ཞལ་བཞེས་བཀའ་དྲིན་བསྐྱངས་རུང༌། ས་ཁད་འགྱང་བས་གནང་ཐུབ་པ་ཞིག་མ་བྱུང་འདུག་པ། སྐུ་ཕྱི་མའི་རྟེན་འབྲེལ་དུ་དགོངས་པས་མཆོག་སྤྲུལ་རིན་པོ་ཆེས་དབུས། དགོན་གནས་འདུས་པའི་ཚོགས་དང་བཅས་པར་གོང་གི་རྗེས་གནང་རྣམས་གཙོ་བོར་གྱུར་པའི་གསུང་ཆོས་ཀྱི་རིམ་པ་ཆེས་ཤིན་ཏུ་མང་བ་ཞིག་བཀའ་དྲིན་བསྐྱངས་པས་གྲུབ་པར་ཉེ་སྐབས་སུ། གསང་ཆེན་བསྟན་པའི་སྲོག་ཤིང་གྲུབ་པའི་འཁོར་ལོས་སྒྱུར་བ་ལྕགས་ཟམ་པ་ཆེན་པོ་མཇལ་ཁར་ཕེབ་པའི་སྔ་འགྲོས་པ་འབྱོར་པར། ངེད་རང་གིས་ཕེབ་བསུ་གང་རྒྱས་ཞུས་ཏེ་ཆོས་ར་བ་རྣམས་སྐུ་ཞབས་ནས་གྲོལ་བར་གཟིམས་ཆུང་འཆི་མེད་ཕོ་བྲང་དུ་གཞིས་ལེན་སོགས་གང་རྒྱས་བླ་མ་ཕྱག་མཛོད་ལགས་ཀྱིས་ཐུགས་ཁུར་ཆེ་བ་ཞེས་ངོས་གནང་ཞིང༌། གྲོལ་འཕྲལ་གཟིམས་ཆུང་ཉི་འོད་སྟེང་དུ་ཕ་བླ་མ་རིགས་ཀུན་བདག་པོ་ཉིད་དང་མཇལ་འཛོམ་བཀའ་དྲིན་བསྐྱངས་པར། ཕན་ཚུན་ཐུགས་ཡིད་གཅིག་འདྲིས་ལྟ་བུའི་བཀའ་མཆིད་འབྱམས་སུ་ཀླས། གྲུབ་དབང་རིན་པོ་ཆེར་དྲིལ་བུ་རིམ་ལྔ་དང༌། བདག་མེད་ལྷ་མོ་བཅོ་ལྔའི་བྱིན་རླབས་སོགས། དབང་རྗེས་