R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༢༣
[A:༤༢༣]གནང་མང་བ་དགོས་ཚུལ་ཞུ་བ་གནང་བ་བཞིན་འོང་ཚུལ་གྱི་ཞལ་བཞེས་དང་བཅས་ཏེ། ཕྱི་ཉིན་ནས་རིམ་གྱིས་གནང་བའི་སྒོ་དོད། མགོན་ཁྱོད་ངེས་དོན་སྐྱེ་རྒའི་ཚུལ་སྤངས་ཀྱང༌། །རང་དོན་གདུལ་ངོར་སྐུ་ན་སྨིན་པ་ཡི། །ཚུལ་སྟོན་མོད་ཀྱང་འཆད་རྩོད་རྩོམ་པ་ལས། །འཇམ་དབྱངས་གཞོན་ནུ་མངོན་སུམ་བྱོན་དང་མཚུངས། །འདི་སྐབས་ཀྱི་བཀའ་ཁྲིད་རྣམས་ངེད་ལ་སྩལ་དགོས་ཚུལ་ཞུས་པར། འདི་ལོ་ལོ་ལེགས་པ་དང་བཅས་བསོད་སྙོམས་ཤིག་ལ་འགྲོ་དགོས་པའི་བསླབ་སྟོན་ཕེབ་པ་ལྟར་ངེད་དཔོན་སློབ་རགས་བསྡུས་ཤིག་གིས། འཕེན་ཡུལ་གྱི་སྟོད་ཁའི་ལུང་ཚོ་རྣམས་སུ་བསོད་སྙོམས་ལ་ཕྱིན། གྲུབ་དབང་ལྕགས་ཟམ་པ་ཆེན་པོ་ཞག་ཉི་ཤུ་སྐོར་བཞུགས་རིང༌། གཞིས་ལེན་གཟབས་པ་དང༌། ཕེབ་གདོང་གི་བཀའ་དབང༌། ལྗགས་ཁྲིད། ལྗགས་ལུང་སོགས་དགོངས་བཞེད་མཐའ་དག་མཐར་ཕྱིན་པར་གནང་ཞིང༌། ཚུར་ཡང་ཚེ་དབང་བརྒྱ་རྩ། རྟ་མགྲིན་གསང་སྒྲུབ་སོགས་ཆེས་མང་བ་ཞིག་གསན། གྲུབ་དབང་རིན་པོ་ཆེ་ནས་ན་བཟའ་སོགས་འབུལ་དཔངས་མཐོ་བ་འབུལ་བར་གནང་ཞིང༌། ཕར་ཡང་རྟ། དྲེའུ། ཇ། གོས་དར་སོགས་ཀྱི་ཕེབ་རྫོང་རྒྱས་པར་གནང་སྟེ་ཕྱིར་ཕེབ། ངེད་བསོད་སྙོམས་ནས་འཁོར་དུས། བཀའ་ལས། འདི་ལོ་སྤྲུལ་སྐུ་རིན་པོ་ཆེའང་ཕེབ་ཅིང༌། ངེད་རྒན་པ་རྣམས་ཀྱང་ཁམས་བཟང་བ་བཅས་བཅོ་བརྒྱད་མཆོད་པ་སོགས་དུས་ཆེན་རྣམས་ལོ་བསྟར་ལས་རྒྱས་པ་ཞིག་གནང་དགོས་འདུག་པ། ཁྱེད་རང་སྤུན་དང་མཚམས་པ་རྣམས་དང་བཅས་མཁར་གདོང་དུ་འཆམ་སྦྱོང་ལ་ཕྱིན་ན་ལེགས་པར་འདུག་ཚུལ་ཕེབ་པ་