[A:༤༢༤]ལྟར། བཀའ་གནང་ཐོད་བཅིངས་ཀྱིས་ལྷུར་ལེན་ཞུས་ཤིང༌། ལོ་འདིར་བླ་ཁག་སོགས་མིང་ཅན་གྱི་འགྲུལ་པ་མ་བྱུང་ཀྱང༌། ཁམས་བྱང་ནས་བྱོན་པའི་འགྲུལ་པ་ཚན་ཆེ་བ་རྟ། མཛོ། མཛོ་མོ། འབྲི་གཡག །ཇ། གོས་དར་སོགས་འབུལ་བ་དངོས་པོ་དཔངས་མཐོ་བ་འབུལ་མི་བྱུང་སོང་བར། གཞིས་ལེན། དམ་རྫས། ཕྱག་མདུད། སྣམ་རས་སོགས་གནང་སྐྱེས་ཀྱང་བཀའ་དྲིན་བསྐྱངས། ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་དཔོན་བློན་གཉིས་སྤྱན་འདྲེན་གནང་བར། ཆོས་སྐྱོང་ཆེ་བའི་ཕྱག་མདུང་སྐེད་མཚམས་ནས་ཆག་པར་ཐུགས་རྟོག་ཟོས་པ་ལྟ་བུར་ལོ་ཕྱི་ནང་དུ་སྐུ་ལ་བར་ཆད་ཡོད་མེད་ཀྱི་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེར་གསུང་བརྟག་དགོས་ཚུལ་བཀའ་གནང་སོང་བ་ཕྱིར་ནང་གསུང་བརྟགས་ལེགས་པོ་བྱུང་ཚུལ་ཞུ་བ་གནང་སོང་སྐབས། དྲང་དོན་ཙམ་དུ་དེ་ཁ་ཤིན་ཏུ་ལེགས་ཚུལ་བཀའ་དྲིན་བསྐྱངས་སོང་ཀྱང༌། ཆོས་རྗེ་རིན་པོ་ཆེ་ཕྱིར་ཕེབ་འཕྲལ་ངེད་ལ། དོ་ཞག་བླ་མའི་ལུང་བསྟན་གྱི་ཚེ་འཕྲང་ཡིན་པ་དང་བཅས་ཇི་ལྟར་འོང་ཕེབ། བཅུ་བཞིའི་མཆོད་པ་ལོ་བསྟར་ལས་རྒྱས་པར་བཀའ་དྲིན་བསྐྱངས་ཤིང༌། བཅོ་བརྒྱད་མཆོད་པའི་ཉིན་བར་སྐབས་ལོ་གཅིག་གཉིས་ཙམ་གཟིགས་རྟོག་ཏུ་ཕེབ་པ་གནང་མ་སོང་ཀྱང༌། འདི་ལོ་སྒམ་འབྱོར་ནང་དུ་རྟེན་གཤོམ་སོགས་སྔར་མ་གྲགས་པ་ལྟ་བུར་བཀའ་དྲིན་བསྐྱངས་ཐོག །རྣམ་འདྲེན་དམ་པ་ཉིད་གཟིགས་མོའི་ཚུལ་དུ་ཕེབ་ཅིང༌། འོང་མི་རྣམས་ལ་ཞལ་མཇལ། ཕྱག་དབང་སོགས་ཤིན་ཏུ་རྒྱས་པར་སྩལ། མཆོག་སྤྲུལ་རིན་པོ་ཆེས་འཆམ་དཔོན་དང༌། ངེད་ནས་རོལ་མོའི་ཁུར་ལེན་བགྱིས་