R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༢༥
[A:༤༢༥]པའི་འཆམས་སོགས་འགྲིགས་ལ། གང་སྤྱིར་ལེགས་པོ་བྱུང་ཚུལ་གྱི་འཆམས་གྲོལ་ནས་བསླབ་སྟོན་རྒྱས་པར་སྩལ། གཏོར་རྒྱག་ཉིན་ལོ་བསྟར་ལས་འཚུབས་ལྷོང་ཆེ་བ་ཞིག་བྱུང་བར་རྡོར་སློབ་ཀྱི་ནུས་མཐུ་ཆེ་བའི་སྟོབས་ཡིན་ཚུལ་ཕེབ་པ། ངེད་རྣམས་རྣམ་རྟོག་སྐྱེས་མིན་གྱི་ཐུགས་གཞིབ་འཇུག་པར་གནང༌། སྒྲུབ་མཆོད་གྲོལ་ནས། རེ་ཞིག་སྐུ་མཚམས་བཀའ་དྲིན་བསྐྱངས་ཤིང༌། ལོ་མཇུག་གཏོར་སྤོད། སྒྲུབ་མཆོད་སོགས་ལྗགས་བཀོད་སྔར་རྒྱུན་བཞིན་སྩལ་ཆུ་ལུག་ལོར་ལོ་གསར་གྱི་ལྗགས་བཀོད་དང༌། བཞུགས་གྲལ་ལ་ཕེབ་པ་སོགས་བཀའ་དྲིན་བསྐྱངས། སྲིད་གསུམ་དབང་མོའི་མཆོད་པ་སོགས་བསླབ་སྟོན་ལྟར་ངེད་ཞབས་ཕྱིར་རྣམས་ཀྱིས་བསྒྲུབས་ཤིང༌། རྒྱལ་ཁབ་ཆེན་པོའི་མཇལ་ཁར་བསླབ་སྟོན་ལྟར་ངེད་ནས་ཕྱིན་སྐབས། དཔེ་ནང་ཁང་གསར་ནང་སོ་དང༌། མཁར་གོང་འོག་གཉིས། རི་ཟུར་བ་བཅས་ཀྱིས་མཆོད་དབུར་སྤྱན་འདྲེན་ནན་གྱིས་ཞུས་པ་ལྟར་ཆིབས་ཁ་བསྒྱུར་ཞིང༌། དེ་ཞོར་བཀྲ་ཤིས་སྒང་དུ་ཕེབ་སྟེ་བཞུགས་ཞག་གཉིས་ཙམ་བཀའ་དྲིན་བསྐྱངས། གོང་གསལ་སྤྱན་འདྲེན་ཞུ་མི་སོ་སོས་འབུལ་དཔངས་ཆེས་ཆེར་མཐོ་བ་བསམ་གྱིས་མི་ཁྱབ་པར་ཕུལ་ཞིང༌། འཁོར་གསུམ་ཡང་དག་གི་ལྗགས་བསྔོ་སོགས་ལུགས་གཉིས་ཀྱི་བདག་རྐྱེན་ཚད་ལས་འདས་པ་བཀའ་དྲིན་བསྐྱངས་ཏེ། རྒྱུན་གྱི་དབང་པོར་ཆིབས་ཁ་བསྒྱུར། ངེད་མཇལ་ཁ་ནས་འཁོར་འཕྲལ་མཇལ་ཁ་རྒྱས་མིན་གྱི་བཀའ་འདྲི་ཞིབ་ཏུ་སྩལ་བ། གནས་རྒྱུས་རྣམས་ཞིབ་ཏུ་ཞུས་པར། ད་ཆ་གང་སྤྱི་ནས་ཁྱོད་རང་གིས་གོ་བབ་མ་ལོགས་པ་ཙམ་འོང་འདུག་