[A:༤༢༨]བཟློག་པར་ཁམས་ཀྲེ་བོ་དར་རྒྱས་དགོན་པའི་གྲྭ་པ་སངས་རྒྱས་ཐར་དཔོན་ཚང་རང་གི་ཞལ་སློབ་ཏུ་ཡོད་པ་ཁོང་པས་ཁྱེད་རང་སྐུ་མཆེད་ཀྱི་ཞབས་ཕྱི་བགྱིས་ན་འོང་ཕེབ་སོང་བ་ལྟར་སྔོན་ནས་སྐུ་ཞབས་སུ་ཐར་མུས་སུ་ཡོད་པ་བཅས་བསྙུན་གཡོག་སོགས་ཀྱི་ཞབས་ཕྱིར་ཡང་ཕན་པར་བྱུང༌། སྤྲུལ་པའི་ཆོས་སྐྱོང་ཆེན་པོ་དཔོན་བློན་དབང་ཁང་འཆི་མེད་ཕོ་བྲང་དུ་སྤྱན་འདྲེན་ཞུས་ཏེ། བསྙུན་གཞིའི་སྐོར་ལ་ལུང་བསྟན་ཞིབ་ཏུ་ཞུས་པར། ཆོས་སྐྱོང་ཆེ་བས། དུས་ཀྱི་མཛད་པ་དང་སྐུ་ཚེ་སོགས་མཐར་ཕྱིན་དཀའ་ཡང༌། དགེ་བཤེས་ཆེན་པོ་ཐུགས་བསྐྱེད་ཀྱི་སྨོན་ལམ་མཐུ་བཙན་པས་བྱམས་ཆེན་བཞེངས་པ་ཙམ་མ་གཏོགས་དགོངས་བཞེད་ཀྱི་མཛད་པ་རྣམས་མཐར་ཕྱིན་ཀྱང༌། སྐུ་རིམ་དུ་བྱམས་པའི་སྐུ་བཞེངས་ན་འོང་ཚུལ་དང༌། ལས་མཁན་གྱིས་ཟླ་བ་ལྔ་པ་དང་དྲུག་པའི་མཚམས་སུ་མར་མེ་སྤར་བ་བསད་པ་ལྟ་བུ་འོང་ཞེས་ཞལ་འཆོལ་བའི་རྣམ་པ་དང༌། སྐུ་ཡལ་ཁར་ཤ་ཁྱེར་མ་འོང༌། ཁྲག་ཁྱེར་མ་འོང་སོགས་ལྐོག་གྱུར་གྱི་གསུང་ཤིན་ཏུ་མང་བ་ཞིག་གསུང་ངོ༌། །མགོན་ཁྱོད་ཆོས་དབྱིངས་མཆོག་ཏུ་ཐུགས་གཞོལ་ཚེ། །སྐུ་ཡི་སྲུང་མ་པེ་ཧར་དཔོན་བློན་ནས། །ཇི་ལྟར་འབྱུང་ཚུལ་ཤིན་ཏུ་གསལ་བ་ཡི། །ལུང་བསྟན་ཡིད་ཆེས་དམ་པ་མངོན་དུ་གྱུར། །མ་ནས་ལོ་ཁ་ཤས་ཀྱི་སྔོན་རོལ་ནས་དགོན་གནས་འདི་ཁའི་དགོན་ཁག་གཞིས་ཁག་སོགས་ཚང་མར་སྨྱོན་མའི་རིགས་འོང༌། རྟགས་ལ་ཁྭ་ཏ་ངན་པ་དང༌། གཞན་ཡང་དོགས་པ་ཟ་བའི་ལྟས་ངན་གྱི་རིགས་མང་ཞིང༌། ཁྱད་པར་དགོན་གནས་འདིའི་ཁྱི་རྣམས་འུར་ཞིང་ངུ་བ་དང༌། མགོན་ཁང་ཡས་མས་འཚུབ་ཅིང༌། བླ་བྲང་འདི་ཁའི་རྟེན་གཏོར་རྩ་བ་ནས་