[A:༤༢༩]མེད་པ། ཟླ་བ་དང་པོའི་ནང་གི་ས་འགུལ་ཡང་ས་ཕྱོགས་གཞན་ལས་ཆེ་ཞིང༌། དགེ་འདུན་རྣམས་ཚོགས་གྱེས་གདོང་དུ་ཐལ་སྐད་སོགས་ཆག་པ། སྐྱ་ག་མང་ལ་དཀར་ཤས་ཆེ་བ་ཁ་ཤས་བླ་བྲང་དུ་རྒྱུན་པར་འཁོར་བ། སྒོམ་ཁང་གི་རྒྱུན་གཏོར་རྩ་བ་ནས་མེད་པ། བླ་ཤིང་ཆག་པ། གཟིམས་ཆུང་དུ་རི་བོང་གི་ཐན་རོ་བྱུང་བ། མཁར་གདོང་དང་ས་སྦུག་གི་རི་ངུ་ཞིང་ཐན་བྱའི་སྐད་རྒྱག་པ། རིན་སྡིངས་ཀྱི་བླ་ཆུ་སྐམ་པ་སོགས་ངན་ལྟས་བཟློག་རེས། སྲིད་གསུམ་དབང་ཕྱུག་མར་བསྐང་བ་རྒྱུན་འཛུགས། རྒྱལ་བའི་བཀའ་རྒྱས་འབྲིང་དང༌། པདྨ་བཀའ་ཐང་སོགས་ཆོས་སྣའི་རིགས་མང་བ་རྒྱུན་པར་བསྒྲུབས་པའི་ནུས་མཐུ་ལས་ཟླ་བ་བཞི་པའི་བར་ཙམ་བསྙུན་གཞི་འཚོ་ཐོན་ཙམ་བྱུང་བ། ཕྱོགས་ཀྱི་འགྲུལ་པ་འགའི་སྐུ་ཞུད་ལ་ཁག་འདོགས་ཀྱིས་བསྙུན་རོ་དང༌། ཆབ་ཀྱི་བསྙུན་གཞི་གཉིས་ཀ་རིམ་ཞན་དུ་གྱུར་པས། ངེད་ཀྱིས་འདི་ལོ་བླ་མ་རྣམ་གཉིས་ཀྱི་ལུང་བསྟན་ལས་སྐུ་ཚེའི་འཕྲང་ཙམ་ཡིན་ཤས་ཆེ་ནའང༌། སྐུ་ཚེའི་ཚད་ལོ་ཤས་བར་མ་རྫོགས་པར་མ་ཟད། ངེད་ནས་ལར་བབ་ཤེས་འོང་ཆུང་ཞིང༌། དགོན་གནས་ཀྱི་འཛིན་སྐྱོང་ལ་བློ་མི་འགྲོ་བ་དང༌། སྤྲུལ་སྐུ་རིན་པོ་ཆེ་སྐུ་མཆེད་སྐུ་ན་ཕྲ་བ་བཅས་སྤྱི་དང་བྱེ་བྲག་གི་བསྟན་པར་ཡོམ་འཁྱོམས་ལས་མེད་པ་དང༌། ཁྱད་པར་བདག་སོགས་མགོན་མེད་རྣམས་རེས་གནས་ཡུལ་གཅིག་པོ་ལགས་པས། ཞིང་ཁམས་གཞན་དུ་དགོངས་པ་གཏད་ན་མི་འོང་ཚུལ་མཆི་མ་དང་བཅས་ཏེ་ནན་གྱིས་གསོལ་བ་བཏབ་པར། དེ་འདྲའི་བློ་སྣ་ཐུང་མི་དགོས། འདི་ལོ་དགའ་མོ་འོང་འགྲོ་ཕེབ་ཅིང༌། ཐུགས་ངང་རིང་