R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༣༠
[A:༤༣༠]དུ་སོང་བ་འདྲ་ཞིག་ཡོད་པར། གོང་གི་མཛད་པར་བརྟེན་གཞུང་སའི་དྲུང་འཁོར་ཕྱི་ནང་རྣམས་གྲི་མཚོན་གྱིས་འཁྲུག་པ་སྔར་མ་གྲགས་པ་ཞིག་བྱུང་སོང་བ། འདྲེན་མཆོག་འདི་ཉིད་གཞུང་ལར་རྒྱར་ཐུགས་ཞེན་ཚད་མེད་པ་ཞིག་ཡིན་གཤིས། དེ་རིགས་སྙན་དབང་དུ་དྭངས་ཚེ་གཤེགས་རྐྱེན་ལྟ་བུར་མི་འགྱུར་བའི་ཚོད་མེད་བསམས་ཏེ་ཞབས་འབྲིང་དུ་ཡོད་པ་རྣམས་ལ་དེ་ཁའི་རྒྱུ་མཚན་ཞིབ་ཏུ་བྱས་མོད། ངེད་འདྲེན་པ་གོང་གི་སྐུ་དྲིན་གྱིས་འཚོ་བའི་བགོ་སྐལ་སྒེར་དུ་རྫོགས་པར་བརྟེན་དམ་སྲིས་ཁ་བསྐྱོད་པ་ལྟ་བུར་ཞབས་འབྲིང་ཞིག་གིས་ངེད་མེད་སར་སྙན་དུ་ལྷོན་འདུག་པར། ངེད་སྐུ་ཞབས་སུ་བཅར་འཕྲལ་དེ་སྐོར་གྱི་དྲི་བ་ཞིབ་ཏུ་གནང་བྱུང་བར་མི་བདེན་ཚུལ་གྱིས་སྙན་འབུལ་ཇི་སྙེད་ཅིག་ཞུས་ཀྱང་ཐབས་མ་ཐུབ་པས། མཐར་གང་སྤྱིའི་སྙན་འབུལ་རྣམས་ཞིབ་ཏུ་ཞུས་པར། བཀའ་ལས། ད་ང་ཚེ་རིང་ཡང་ངེད་ཞེ་སུན་ལ། ཁྱེད་རང་དཀའ་ལས་ཀྱི་རྒྱུ་ལས་མི་འོང༌། བྱ་བ་འདི་འདྲ་བསྟན་པ་ཉམས་པའི་མགོ་ཡིན་པས་ད་ལམ་རང་མ་བསྡད་པ་འགབ་ཅེས་བཀའ་བབས་ལྕི་ལ། ཐུགས་ངལ་ཀྱང་ཚད་མེད་པ་གནང་སོང་བ། དེ་ཕྱིས་ཀྱི་འབྱུང་རྒྱུ་ཡེ་ཤེས་ཀྱི་གཟིགས་པས་མཁྱེན་པའི་གསུང་དུ་འདུག །འདི་ནས་བཟུང་ཞིང་འདིར་བཞུགས་པའི་ཐུགས་བཞེད་གཏན་ནས་མེད་པའི་གསུང་ཡང་ཡང་ཕེབ་ཅིང༌། ཐུགས་དམ་ཟབ་མོའི་རིམ་པ་ལ་སྔར་ལས་ཀྱང་ཐུགས་རྩོལ་ཆེ་བར་བཀའ་དྲིན་བསྐྱངས། སྐབས་རྩེ་གདོང་བདག་མོས་གདན་སའི་སྟག་ལོ་ཕེབ་པའི་ལྕམ་དེ་གདུང་ཡིན་འདུག་ཚུལ་གྱི་ཞུ་ཡིག་ཕུལ་སོང་བར་ཁག་གཡར་གྱི་གདུང་ལ་འབུལ་རྒྱུའི་དོན་དུ་སྟན་དཀར་བཅས་གཟའ་ཚེས་དགེ་