[A:༤༣༡]བར་བཀའ་དྲིན་བསྐྱངས་བྱུང་བ། བར་སྲིད་སོགས་ཀྱིས་བར་གཅོད་ཞི་བའི་ཞབས་བརྟན་དུ་འདུག །འདྲེན་པ་གང་ཉིད་ཞིང་འདིའི་མཛད་པ་མཆོག །རྫོགས་ཚུལ་སྟོན་ཀྱང་སྤྱི་དང་བྱེ་བྲག་གི །བསྟན་དོན་མཆོག་གི་སྤྲུལ་སྐུའི་ཉིན་བྱེད་དབང༌། །གསར་དུ་སྟོན་པའི་ཕྲིན་ལས་གཅིག་ཏུ་དཀར། །ཐོག་མར་སྐུ་ལྟེམ་པ་ནས་བཟུང༌། ཆོས་སྡེ་ཆེན་པོ་འདི་ཉིད་དང༌། ཕྱོགས་ཀྱི་དགོན་ཁག་གྲྭ་རིགས། མངའ་ཞབས་གཙོ་བོ། འདི་ཁའི་ཞབས་འབྲིང་དང་བན་ཚང་བཅས་སོ་སོ་ནས། སྒེར་དང་སྤྱི་བསྡུས་ཀྱིས་ཞབས་བརྟན་ཡང་ཡང་ཕུལ་ཞིང༌། ཆོས་སྒྲོགས་སོགས་སྐུ་རིམ་ཀྱང་ལྷག་བསམ་རྣམ་དག་གི་སྒོ་ནས་ལན་གཅིག་མ་ཡིན་པ་ཡང་ཡང་དུ་བསྒྲུབས་པ་དང༌། སྤྲུལ་སྐུ་རིན་པོ་ཆེ་རྡོར་བྲག་ནས་བཀའ་ཆོས་གསན་བསམ་མཐར་ཕྱིན་ནས་ཕྱིར་ཕེབ་པ་དང་འཕྲལ་དུ་མཇལ་འཛོམ་བཀའ་དྲིན་བསྐྱངས་སོང་བ་གཙོ་བོར་གྱུར་པའི་ངེད་སྤུན་དང༌། བླ་མ། ཕྱག་མཛོད། གཉེར་ཆེན་ངག་དབང་དང་དགོས་རྡོག་བཅས་ལ་ཁུར་ལེན་མི་རྣམས་ཀྱིས་རྒྱལ་བའི་བཀའ། ཆོས་སྲུང་ལ་གསོལ་མཆོད། སྡེ་བརྒྱད་ཀྱི་མདོས་རིགས་སོགས་མཁོས་དཔག་ཅི་ཤེས་གང་དྲག་གིས་བྱས་ཀྱང་བསྙུན་གཞི་རིམ་ལོད་དུ་སོང༌། འདི་སྐབས་གཞུང་ས་ཆེན་པོ་ནས་སྡེ་སྲིད་དང་རྒྱལ་པོ་ཁྲི་བཀོད་བཀའ་དྲིན་བསྐྱང་རྒྱུར། མངའ་ཞབས་རྣམས་ལ་བརྡ་འགྲེམས་བྱུང་བ་བཞིན། ཆོས་གཏེར་གླིང་ནས་སྤྲུལ་སྐུ་རིན་པོ་ཆེ་གདན་འདྲེན་དུ་བྱུང་བར་མཆོག་སྤྲུལ་རིན་པོ་ཆེས། ད་ལོ་བསྙུན་བབ་ལྕི་ལ། འོང་བབ་གང་སྤྱི་སྔར་དང་མི་འདྲ་བ་ཞིག་རང་འདུག་པས། ངེད་རང་འགྲོ་བ་བློས་མི་ལང་པར་འདུག་ཚུལ་ནན་གྱིས་ཞུ་བ་གནང་སོང་ཀྱང༌