[A:༤༣༤]གྱུར་ཅིང༌། གདན་སར་དྲི་མེད་འཁོན་གྱི་གདུང་དུ་སྐུ་བལྟམས་ཏེ་འགྲོ་བའི་དོན་རླབས་པོ་ཆེར་སྤྱོད་པའི་ལུང་བསྟན་དུ་འདུག །ཆོས་སྐྱོང་གི་ལུང་བསྟན་གྱི་ལན་གནང་མུར། དེ་བཞིན་ཡིན་ཚེ་གནང་ཉིན་ཚེས་གསུམ་ལ་བླ་བྲང་སྟེང་དུ་རྒྱལ་མཚན་དཀར་པོ་ཞིག་འཛུགས་པ་དང༌། ངེད་ཀྱི་གདན་ལ་ཕྱིང་དཀར་དྲི་མ་མེད་པ་ཞིག་གསར་དུ་ཐིང༌། ཁྱོད་རང་གཟིམས་ཁང་གོང་དུ་ཐུགས་གསོལ་རྒྱས་པ་ཞིག་ཐོང་ཤོག་ཕེབ་བྱུང་བར་ལྟར་ཕྱིན་ཏེ། ཐུགས་གསོལ་གྲུབ་འཕྲལ་སྐུ་ཞབས་སུ་བཅར་སྐབས་ཉིན་བསྟར་དང་མི་འདྲ་བའི་སྐུ་ཟོར་ཡང་ལ་དགྱེས་ཉམས་གཞན་ལས་ཆེ་བ་ཞིག་འདུག །ལོ་འདི་དང་སྔོན་མར་བསམ་ཡས་ནས་ཤིང་བྱ་ཅན་དང༌། རྒྱལ་པོ་ཉི་མའི་འོད་ཟེར་གཉིས་ཀྱིས་ལུང་བསྟན་ཁ་བརྡ་ངན་པ། ཕྱག་མཚན་གས་ཆག་ཡོད་པ་འབའ་ཞིག་བསྐུར་བ་སོགས་ཡང་ཡང་དུ་བྱུང་བ་བཟློག་ཅིང༌། སྐུ་རིམ་འདྲ་བསྒྲུབས་ན་དྭངས་སྐྱེད་ཨེ་འོང་གི་རེ་བས། གཙོ་བོར་ཆོས་རྒྱལ་དཔོན་བློན་དང༌། གོང་གི་ཆོས་སྐྱོང་གཉིས་བཅས་སོ་སོར་སྙན་ཤལ། གསེར་སྐྱེམས། ཚོགས་འཁོར། སྔོན་ནས་དགོས་ཚུལ་བྱུང་བའི་རྟ། མཛོ་བསྐུར་ཏེ་ལུང་བསྟན་ཞུ་མི་ཆེད་དུ་བརྫངས་པས་ཕྱིར་ཕེབ། ཆོས་སྐྱོང་ཆེན་པོས་ཞིང་འདིའི་མཛད་པ་ཕལ་ཆེར་རྫོགས་པས་འདི་ལོ་རང་ཞིང་འདིར་བཞུགས་པ་མི་འོང་ཀྱང༌། སླད་ནས་བསྟན་པ་ལ་ཕན་ཐོགས་པ་འོང་ཞེས་གསུང་བ་རྡོ་རྗེའི་གསུང་བླ་ན་མ་མཆིས་པར་འདུག །སྲིད་གསུམ་དྲེགས་པའི་ཚོགས་ཀུན་མ་ལུས་པའི། །རྗེ་བོར་པདྨ་ཀཱ་རས་མངའ་གསོལ་བ། །དྲེགས་ལྡན་དམ་ལྡན་ཙིའུ་དམར་པོ་ཡིས། །ལྐོག་གྱུར་ལུང་བསྟན་གསལ་བ་ལེགས་པར་སྩལ། །ཆོས་སྐྱོང་གཞན་གཉིས་ནས་ལྷ་ལབས་འདྲེ་ལབས་ལྟ་བུའི་གསུང་ལས་འདི་འོང་གི་གསལ་ཁ་ཆེ་བར་མི་འདུག