R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༣༥
[A:༤༣༥] །དེ་ཞོར་ར་བ་སྨད་དུ་བསེ་ཁྲབ་ཅན་ལ་ཞུས་པར་ཆོས་སྣ་སོགས་སྐུ་རིམ་བསྒྲུབ་དཀའ་བ་མང་བ་དང༌། ཁྱད་པར་འབད་རྩོལ་དགོས་ཚུལ་གསུང་པ་ལས་ཞིང་ཁམས་འཕོ་བའི་ལུང་བསྟན་གསལ་བ་མི་འདུག་ཀྱང་གཤིས་ཀྱིས་གསལ་བར་འདུག །བང་ཕྱིན་འདི་པ་འཁོར་བའི་སྐུ་འགྲུལ་གྱི་ཁག་འདོགས་ལ་བརྟེན་སྐུ་སྐྲངས་སོགས་བསྙུན་བབ་ཤིན་ཏུ་ལྕི་བའི་ཚུལ་ཡོད་ཀྱང༌། ཞབས་འཆག་སོགས་མི་ཐུབ་པའི་རིགས་མིན་པར། ཚེས་བཅོ་ལྔའི་ཞོག་ངེད་ཁ་ཏོན་དུ་ཡོད་པར་སྐུ་ཞབས་སུ་འབོད་མིར་བླ་མ་མགྲོན་གཉེར་ཆེད་དུ་གནང་བྱུང་བར། ངེད་ཀྱིས་སྐུ་ཞབས་སུ་ཕྱིན་སྐབས་སུའང་མེད་པའི་བཀའ་ལས། མདང་རྨི་ལམ་དུ་བུད་མེད་ཅིག་གིས་ད་རང་ཞིང་བརྗེས་ཀྱང་ཆོག་པ་འདྲ་ཟེར་བ་ཞིག་བྱུང་བས། ད་ལམ་རང་ནད་འདིས་བློས་བཏང་བ་ཞིག་མི་འོང་འདུག་པས། ཁྱོད་ཀྱིས་གཙོ་བོར་བླ་བྲང་འདི་དང༌། ནཱ་ལེནྡྲའི་ལར་རྒྱར་བསམ་པ་རྣམ་དག་བྱེད་དགོས་པར་ཆེ་བཙན་གྱི་ངོ་འཛིན། གྲྭ་རིགས་ཀྱི་སྐྱོང་དར། སྦྱིན་བདག་རྣམས་ཀྱི་འགྲོགས་ལུགས། ཁྱད་པར་གནས་འདི་ཉིད་ཀྱི་བྱ་བ་རྣམས་ལྷུས་ཐིངས་ཀྱི་བྱེད་སྒོ་སོགས་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་མཐར་ཕྱིན་པ་ཞིག་བཀའ་དྲིན་བསྐྱངས་བྱུང་བར། ད་ཆ་གཞན་དོན་དུ་གཤེགས་ངེས་ཡིན་འདུག་བསམ་སེམས་ངལ་ཚད་མེད་པ་ཞིག་བྱུང་མོད། འོན་ཀྱང་རྟེན་འབྲེལ་འཁྱུགས་པ་སོགས་བྱུང་ན་བསྟན་པའི་ལར་རྒྱར་མི་འཐུས་འདུག་བསམ་སྙིང་ནས་ཞེ་རུས་བསྐྱེད་དེ། ད་ནི་སྐུའི་འོང་བབ་དང༌། གསུང་གི་ཕེབ་ཚུལ་བཅས་གང་ལ་དཔགས་ཀྱང་ཞིང་ཁམས་གཞན་གྱིས་ཐུགས་འཕྲོག་སྟེ་བདག་ཅག་ལྟོས་བཅས་རྣམས་ཡལ་བར་དོར་བ་ཞིག་འོང་ངེས་པ་འདུག་པར་