R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༣༣
[A:༤༣༣]རྣམས་ལས་ཐུགས་བློ་འགན་ཚན་ཆེ་བས། འདི་ལོ་སྐུ་ལྟེམ་སྐབས་ཞབས་ཕྱི་གཞན་ལས་ལྷག་པ་ཞིག་གིས་དགོངས་རྩེ་འདུག་པར། མ་གཞི་ཕྱག་རྩ་བཅས་འོང་བབ་ཕན་ཐོགས་པ་ཞིག་མིན་འདྲའང༌། འདྲེན་པ་ཉིད་ཀྱི་དགོངས་པ་དང༌། ཁོང་པས་མཛད་བབ་ཅུང་མ་མཐུན་པར། ཟླ་བ་གཅིག་ཙམ་སོང་འཕྲལ་ནས་དགོངས་པ་ནན་གྱིས་ཞུས་ཤིང༌། སྐུ་ལྟེམ་བབ་སོགས་ཚང་མའི་བློར་མི་ཤོང་བ་དེ་དུས་ཀྱང༌། ཚེ་དབང་ཞིག་གནང་དགོས་ཚུལ་ནན་གྱིས་ཞུས་སོང་བ་ལྟར་ཞལ་གྱིས་བཞེས་ཏེ་གནང་སྐབས་ལྟས་ལེགས་པ་རང་ཞིག་བྱུང་མ་སོང༌། དེ་ནས་བཟུང་ཞིང་ལ་མ་ཕེབ་པར་དཔོན་ཚང་དོན་འགྲུབ་ཀྱིས་སྐུའི་འཕྲོད་བསྟེན་གྱི་གསོལ་སྨན་དང༌། ཞབས་ཕྱི་གང་ལའང་ལྷག་བསམ་རྣམ་དག་དྭང་བླངས་ཀྱིས་མཛད་སོང་བར། ངེད་ཞབས་འབྲིང་རྣམས་བློ་ཁ་རྫོགས་ངེས་ཀྱི་ད་དུང་ཀྱང་དག་སྣང་ལ་འཛོལ་བ་མེད་པ་ཞིག་ཡིན། ཧོར་ཟླ་ལྔ་པའི་ཚེས་གཅིག་གི་ཉིན་སྤྲུལ་པའི་ཆོས་སྐྱོང་དཔོན་བློན་ལ་སླར་ཡང་ལུང་བསྟན་ཞིབ་ཏུ་ཞུས་པར་ཆེ་བས་སྔོན་གྱི་སྐུ་རིམ་རྣམས་བསྒྲུབས་པར་གཞན་དང་མི་འདྲ་བར་བྱུང་འདུག་སོགས་འཕྲལ་ལྟར་སྣང་ལ་ལེགས་ལེགས་འདྲ་བའི་གསུང་འགའ་ལས་འདི་འོང་གི་གསལ་ཁ་མི་གསུང་ཞིང༌། ཆུང་བས་ད་ཆ་དབུ་ཐོག་ཏུ་རྒྱལ་མཚན་དཀར་པོ་ཞིག་ཚུགས། བཞུགས་གདན་ཀྱང་མཐོ་རུ་ཐོང་གསུང་བ། ཆོས་སྐྱོང་དཔོན་བློན་གྱི་གསུང་དེ་རིགས་ངེད་སོ་སྐྱེ་རྣམས་ཀྱིས་རྟོགས་པར་མ་གྱུར་གཤིས། ཕ་བླ་མ་རིགས་ཀུན་བདག་པོ་ཉིད་ལ་རྒྱུ་མཚན་རྣམས་ཞིབ་ཏུ་ཞུས་པར། ཞལ་མཛུམ་མདངས་དང་བཅས་ཏེ་རྒན་པོས་ཀྱང་ཐེགས་པ་ཡིན་འདུག་ཕེབ། ཕྱིས་སུ་བསམ་ཚེ་དེ་ནས་རིང་པོར་མ་ལོན་པར་བླ་བྲང་འདི་ཉིད་དུ་སྐུ་ཚེའི་མཛད་པའི་མཐའ་མར་