[A:༤༣༦]འདི་རིགས་ངེད་ཀྱི་ཆ་གཞི་ནས་ཆོས་འཇིག་རྟེན་གང་གི་ས་ནས་ཤེས་འོང་མེད་ཅིང༌། ཁྱད་པར་དམ་པ་ཉིད་ཞིང་ཁམས་འཕོ་བའི་ཚུལ་བསྟན་འཕྲལ། ཆོས་ཕྱོགས་ནས་ཞབས་ཕྱིར་ཅི་འགྱུར་ལས་བླ་བྲང་འཛིན་པ་སོགས་འཇིག་རྟེན་གྱི་གཡེང་པའི་ཞེ་འདོད་མེད་པ་ཞིག་ཡིན་པས། ཕ་བླ་མ་ཉིད་ཡན་ཆོད་སངས་རྒྱས་ཉག་གཅིག་གིས་བསྐྱངས་པའི་གདན་ས་འདིར། བདག་ལྟ་བུ་སོ་སྐྱེའི་ནང་ནས་ཀྱང་ཆེས་ཞན་པ་ཞིག་ལགས་གཤིས། བླ་བྲང་ཟིན་པ་དང་བསྟན་པ་འཁྱོངས་པ་འོང་རིགས་མི་འདུག་པས་གཙོ་བོར་ཞབས་པད་བརྟན་ཅིང༌། དོགས་ལམ་བསླབ་སྟོན་དེ་རིགས་མེད་པ་ཞིག་ཅིས་ཀྱང་དགོས་ཞུས་པར། སྤྲུལ་པའི་སྐུ་ན་ཕྲ་བ་དང༌། ནོར་བུའང་དཔོན་སློབ་ཀྱི་ལྟོས་ཡིན་འདུག་པ་བཅས་ཆུང་བ་རྣམས་ཀྱིས་སླར་ཁྱོད་རང་གི་རོགས་སུ་གྱུར་པ་ལོས་འོང་ཡང༌། དེང་སང་ན་སོའི་བབ་ཙམ་དུ་མ་ཟད། སྔོན་གྱི་ལས་འབྲེལ་ཞིག་འདུག་པ་ནས། གོང་དུ་བྱས་པ་བཞིན་ཕྱི་ནང་གི་བྱ་བ་ཚང་མ་རེ་ཞིག་ཁྱོད་རང་གི་བྱེད་པ་ལས་གཞན་པས་བྱས་ཀྱང་ཟིན་པ་ཞིག་མི་འོང་ཚུལ་ནན་གྱིས་ཕེབ་གཤིས། བཀའ་གྱེན་ལྡོག་མ་ནུས་པར། འོ་ན་དེ་རིགས་ཅིས་ཀྱང་བྱེད་དགོས་ཚེ་བླ་བྲང་འདི་ཉིད་སྟོབས་ཆེ་གཤིས་ལྟོས་བཅས་མང་བ་དང༌། རྣམ་གཡེང་ཁོ་ནས་དུས་འདའ་བའི་ཁ་དོན་ཆིག་སྒྲིལ་བྱེད་རྒྱུ་མི་འོང་འདུག་པ་དང༌། ལྷག་ཏུ་ངེད་ལ་ལྟོས་ཚད་རེ་ས་དམ་པ་ཉིད་ལས་མ་མཆིས་པས་ཐུགས་རྩ་ནས་མ་དོར་བ་དགོས་ཚུལ་ཞུ་བ་ཙམ་ལས། སྡུག་བསྔལ་གྱིས་མནར་བས་ཁ་ཐག་རིང་པོར་ཞུ་བ་མ་ཤར། དེ་འཕྲལ་བླ་མ་ཕྱག་མཛོད་ལགས་ཀྱང་འབོད་པ་གནང་ནས། ཁྱེད་རང་གཉིས་སྔར་མུས་ལྟར་དགོས་ཚུལ་མདོར་བསྡུས་ཙམ་ལས། ཞིབ་རྒྱས་རང་ཞིག་གནང་མ་བྱུང་བར། ངེད་གཉིས་འགྲོགས་ཡུན་རིང་པོ་