R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༣༧
[A:༤༣༧]རང་མི་འོང་བའི་རྟགས་སུ་འདུག །འདི་ཉིད་ནས་བཟུང་སྐུ་སྐྲངས་ཤིན་ཏུ་ཆེ་བས་ཞབས་འཆག་གི་དུས་ཀྱང་ངེད་རྣམས་ཀྱིས་ཞབས་འབྲིང་ཞུ་བ་ལས་ཐབས་མ་བྱུང་བ། ངེད་རྣམས་ཁོ་ཐག་ཆོད་ཕྱིར་ཚུལ་དེ་བཞིན་བསྟན་པ་ཡིན་འདུག་ཅིང༌། ཆོས་རྗེ་རིན་པོ་ཆེ་ནས་དགོང་བསྟར་ཆ་གསུམ་དང་སྐུ་གླུད་སོགས་བཀའ་དྲིན་བསྐྱངས་ཡོད་པར། སྐབས་ཞིག་ད་ལམ་ཁྱི་མགོ་དགུ་པ་ཞིག་བྱུང་བ་གླུད་ཀྱི་རྗེས་སུ་སོང་ཞེས་སྩལ་ཞིང༌། སྐུ་ཁམས་ལྟེམ་རིང་བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་སོགས་ཀྱི་གཟིགས་སྣང་ངོ་མཚར་བ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཚོད་འདུག་ཀྱང༌། བཀའ་མ་ཁྲོལ་བས་འདིར་འབྲི་མ་ནུས་ཤིང༌། ཚེས་བཅུ་བདུན་ཉིན་ཁ་སང་འཕྲོས་བྱས་པ་བཞིན་ནོར་བུ་འདི་ངེད་རང་གི་རིགས་སུ་འདུག་པས་སྐལ་བ་འོས་མཚམས་སུ་ཟུར་དུ་བྱིན་ཡོད་ཕེབ་བྱུང་བར། ངེད་ཀྱི་དེ་རིགས་ཡིན་ཚེ་ལར་རྒྱར་ཕན་པ་ལས་མི་འདུག་པས་མི་ངོ་རང་གི་ཁྲོད་དུ་ཆོས་འཇིག་རྟེན་གྱི་བྱ་བ་གང་ཡང་མཉམ་དུ་བྱས་ན་འགབ་འདྲ་ཞུས་པར། ཤིན་ཏུ་དགྱེས་པའི་ཚུལ་གྱིས་གསུང་ལས། དེ་རིགས་ཁྱོད་ཀྱི་བློར་བབས་ཚེ་དེ་ལས་ལྷག་པ་ཅི་ཡོད། འོན་ཀྱང་གོ་བབ་ཀྱི་བྱ་བ་འདི་ཙམ་བྱས་ཀྱང་ཆོག་ཚུལ་སོགས་བསླབ་སྟོན་ཞིབ་པར་སྩལ། སྤ་སྤ་ལགས་བར་སྐབས་སུ་ཕྱོགས་ཕེབ་མང་བས་བསྙུན་རིང་སྐུ་ཞབས་སུ་མ་བཞུགས་པ་འདིའི་ཉིན་ནས་གཟིམས་ཆུང་སྟེང་དུ་འབོད་པ་བཀའ་དྲིན་བསྐྱངས། བབ་འབྲེལ་ཀྱི་དབང་དུ་སོང་ན་ཆོས་ཕྱོགས་ཙམ་ལས་གཞིས་ཁག་གི་འཛིན་སྐྱོང་སོགས་ཀྱི་ཞལ་ཆེམས་སྤ་སྤ་ལགས་ལ་རྒྱས་པ་ཞིག་གནང་དགོས་གྲས་སུ་འདུག་ཀྱང༌། ངེད་དང་ལྷན་དུ་ཡོད་སྐབས་ཤིག་ཁྱེད་གཉིས་མཐུན་པ་བྱུང་ན་ངེད་ཀྱི་བསམ་པ་ཡིན་ཚུལ་གསུང་བ་ཙམ་ལས།