[A:༤༣༨] གཞན་མ་ལེགས་ཉེས་གང་ཡང་གནང་མ་སོང་བར། སྤ་སྤ་དེ་ཉིད་ཀྱི་སྐུ་ཚེ་ཧ་ཅང་མི་རིང་བར་དེ་བར་གྱི་མཛད་བབ་རྣམས་ཐུགས་མཁྱེན་གྱིས་ཆོད་པའི་ལྟས་སུ་འདུག །སྐུའི་ཚ་བོ་ཚོང་དཔོན་གཉིས་དགའ་ལགས་སྐུ་འཁྲིས་སུ་བཏང་བ་གནང་ཞིང༌། བཅོ་བརྒྱད་ཀྱི་ལར་རྒྱར་ཐུགས་བསམ་གང་ཆེ་དགོས་ཚུལ་ནན་ཆགས་སུ་གནང་སོང་བའང་ཕྱིས་ཀྱི་འབྱུང་འགྱུར་དགོངས་པ་ཡིན་ནམ་སྙམ། ཉེར་ལྔའི་ཉིན་ངེད་ལ་སྤྱན་ཧུར་གཟིགས་ནས། ད་ཆ་བཀའ་འགྱུར་རིན་པོ་ཆེའི་གླེགས་ཤིང་གདན་འདྲེན་གྱི་ཁལ་མ་ཞིག་སློང་དགོས་འདུག་པས་བྱང་པ་རྣམས་ལ་ཡིག་རྟེན་གྱི་བདུད་རྩི་རིལ་བུ་ཞིག་སྒྲུབ་པའི་བཀོད་པ་གྱིས་ཕེབ་བྱུང་བ། གཟིམས་ཆུང་མདོར་བཞུགས་ཉིན་གདན་འདྲེན་ཞུ་བ་སོགས་ཀྱི་ཞབས་ཕྱི་བགྱིས་ཏེ། སྒོ་འབྱོར་ཁར་དམ་རྫས་ཀྱི་སྨན་བརྡུང་སོགས་བན་ཚང་རྣམས་དང་ལྷན་དུ་བྱེད་ཡོད་སྐབས། དག་ཞིང་དུ་ཕེབ་གྲབས་ཤིག་བྱུང་འདུག་པས་ངེད་ཀྱི་སར་འཕྲོས་བྱུང་འཕྲལ་སྐུ་ཞབས་སུ་བཅར་བར། ཆོས་རྗེ་རིན་པོ་ཆེས་ཆུ་སོགས་སྐུ་ལ་ཕུལ་བས་ཚུར་སོས་པ་ལྟ་བུའི་བཀའ་ལས། ད་ལམ་བདེ་བའི་ངང་དུ་གནས་པ་ཞིག་ཡོད་ཀྱང༌། ཁྱེད་དཔོན་སློབ་ཀྱིས་དེ་ལས་སད་པས་ད་ཆ་ཞག་ཤས་བར་སྐྱོན་མི་འོང་ཕེབ། དེ་འཕྲལ་དབོན་རིན་པོ་ཆེ་ཞབས་དྲུང་སྐུ་གཞོན་པ་སྐུ་འཁྲིས་སུ་གདན་འདྲེན་གནང་སྟེ། བསྟན་པའི་ལར་རྒྱ་དང༌། ངེད་ཀྱི་རོགས་སུ་གང་འགྱུར་དགོས་པའི་བསླབ་སྟོན་སྩལ་སོང༌། དེ་ནུབ་ས་རུབ་མཚམས་སུ་སྐུའི་སྣག་དབོན་རྗེ་དྲུང་ངག་དབང་གྲགས་པ་དང༌། བན་ཚང་རྡོ་རྗེ་སློབ་དཔོན་སངས་རྒྱས་ལྷུན་གྲུབ་སྐུ་མཆེད་སྐུ་འཁྲིས་སུ་གནང་སོང་བར། ཇོ་ལགས་ངག་དབང་གྲགས་པས་བྱིན་རླབས་ཞུ་བ་དང་ལྷན་དུ་དམ་པ་ཉིད་ཀྱི་ཕྱག་ནས་འཇུག་ཏེ་སྤྱན་ཆབ་ཡུན་རིང་དུ་མཛད་སོང་བར། དེར་