[A:༤༣༩]གནས་ཀྱི་ཞབས་འབྲིང་ཚང་མ་སྔོན་ནས་སེམས་ངལ་ཆེ་བའི་ཐོག་མཆི་མ་ཆར་དུ་བབས་པ་ཙམ་དུ་གྱུར། ཉེར་བདུན་གྱི་ཉིན་ཇོ་ལགས་སྐུ་བགྲེས་གདན་འདྲེན་དུ་བཏང་བ། དེ་ནུབ་རྫོང་ཤར་དུ་བཞུགས་གདན་འཇགས་རྩིས་ཡིན་ཀྱང༌། ཐོ་རངས་ཁར་སྐུ་གཟེར་ཁ་ལྟ་བུ་ཞིག་བྱུང་བའི་རྐྱེན་གྱིས་དེ་འཕྲལ་སྐུ་ཞབས་སུ་གདན་འདྲེན་གནང་སོང༌། འདི་ཉིན་ངེད་ཀྱིས་ད་ཆ་ངེད་རྣམས་བསོད་ནམས་དམན་པའི་སྟབས་ཞབས་པད་བརྟན་པ་ཞིག་འོང་མདོག་མ་ཁ་བ་ནས། མྱ་ངན་གྱི་བྱེད་ལུགས་སོགས་དང༌། དགོངས་རྫོགས་ཀྱི་བབ་བཅས་ཇི་ལྟར་དགོས་ཤིང༌། ཁྱད་པར་གསང་སྒོ་དགོས་མིན་ཞུས་པར། བླ་བྲང་གི་ཐུག་དར་ལྕོག་སོགས་ཕབ་སྲོལ་ཡོད་ཀྱང༌། དེང་སང་གཞུང་སྐུ་ཡུལ་གཉན་པར་བརྟེན་སྡོམ་པ་ཙམ་ལས་ཕབ་ན་མི་འགབ། མྱ་ངན་གྱི་ཆ་ངེད་རང་ཆོས་པ་རྣམས་ལ་བབ་འབྲེལ་མི་འདུག་ཀྱང༌། བླ་བྲང་འདིའི་གཙོ་བོ་བླ་མ་ཡིན་གཤིས་སྔར་བདེ་གཤེགས་དེའི་དུས་གང་བྱས་ལྟར་གྱིས། དགེ་རྩའི་ཆ་བདེ་གཤེགས་དེའི་དགེ་རྩའི་དཔེ་ཡོད་པ་དེ་ཙམ་བྱས་པས་འཐུས་འདྲའང༌། གཞི་ནས་ཁྱོད་རང་གིས་བསམ་གཅད་གྱིས་དང་དེ་ཁས་འཐུས་པར་འདུག །གང་སྤྱི་ཐམས་ཅད་དུ་བྱེད་གཏད་ཆེའང་སྐྱོན་མི་འོང༌། ལས་སླ་ཞེས་ཕེབ། ཉེར་དགུའི་ཉིན་གཉེར་པ་སྐུ་ཞབས་སུ་འཁྱུག་ཙམ་འབོད་པར་གནང་ནས། ངེད་ཀྱི་རོགས་སུ་གང་འགྱུར་དགོས་པའི་བསླབ་སྟོན་ཞིག་ཏུ་སྩལ། བླ་མ་མཁྱེན་བཟང་ཡང་ཕྱག་དབང་ལ་འཁྱུག་ཙམ་བཀའ་དྲིན་བསྐྱངས་སོང༌། གནམ་གང་སྔོན་མའི་ཉིན་གཟིམས་ཆུང་མདོའི་བཞུགས་ཉིར་ཕེབ་སོང་བར། ནམ་མཁའ་ཤིན་ཏུ་དྭངས་པར་འཇའ་འོད་ཀྱི་གུར་དང༌། འཇའ་སྤྲིན་བཀྲ་ཤིས་རྟགས་བརྒྱད་དང༌། རྒྱལ་སྲིད་སྣ་བདུན།