R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༠
[A:༤༤༠] མཆོད་པའི་ལྷ་མོའི་གཟུགས་བརྙན་སོགས་ཆེས་མང་བ་ཞིག་འདུག་པར་སྤྱན་བར་སྣང་དུ་ཡང་ཡང་གཟིགས་ཀྱིན་འདུག་པ། དཔའ་བོ་དང་མཁའ་འགྲོ་སོགས་ཀྱི་བསུུ་མས་བར་སྣང་ཁེངས་པའི་ལྟས་སུ་འདུག །གཟིམས་ཆུང་ཕུག་ཏུ་ཕེབ་ཁར་ཇོ་ལགས་སྐུ་མཆེད་ལ། སྒོམ་ཁང་གི་ས་རིགས་རྣམས་འཇགས་གནས་དགོས་མིན་དྲི་བ་གནང་སོང་བར། མི་དགོས་ཚུལ་ཞུ་བ་མཛད་པར་ངེད་ལ་ཐུགས་བློས་ཁེལ་བའི་ཞུ་གནང་དུ་མཆིས། དེ་ནས་འཕེལ་གདུང་ཕྱག་ཏུ་བཞེས་ཏེ། ངེད་ལ་བྱིན་རླབས་སྩལ་ནས་ཞལ་དུ་བཞེས་ཤིང༌། གཟིམས་ཆུང་སྦུག་ཏུ་ཕེབ་འཕྲལ་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་རྣམས་བཀའ་དྲིན་བསྐྱངས་ཤིང༌། མཚུངས་མེད་ཆོས་རྗེ་རིན་པོ་ཆེར་ངེད་ཤར་གྱིས་སོང་ན་མཁའ་སྤྱོད་མའི་འཕོ་བ་དང༌། ཐུགས་དམ་གྱི་ཚུལ་དུ་བྱུང་ཚེ་ཆག་མེད་དང་ལུས་དཀྱིལ་གྱི་གསལ་འདེབས་དགོས་ཚུལ་སྩལ་སོང༌། དེ་ནས་རེ་ཞིག་བར་སྐུ་ཁམས་ཅུང་ཟད་དྭངས་པའི་ཚུལ་དང་བཅས། མི་སྲུན་གདོན་བགེགས་ཀྱི་ཚོགས་ཀྱིས་གང་བ་ལྟ་བུར་འདུག་པས། རྡོ་རྗེ་སློབ་དཔོན་ནུས་པ་ཆེ་བས་སེང་གདོང་མའི་བདག་བསྐྱེད་ཅིག་སྒོམས་དང༌། ངེད་རང་གཉིས་ཟློག་པ་བྱེད་ཕེབ་སྟེ། ཕ་བླ་མ་ཉིད་ཀྱང་ཏིང་འཛིན་ཟབ་མོའི་ངང་དུ་རེ་ཞིག་བཞུགས་ནས། ཕྱག་ཐལ་མོ་བརྡབ་པ་དང་བཅས་ཟློག་པ་བཀའ་དྲིན་བསྐྱངས་འཕྲལ། ད་ཆ་གདོན་བགེགས་ཚང་མ་ཕྱིར་སོང་ཞེས་ཕེབ། དེ་ནས་རེ་ཞིག་སོང་ནས་ཁོང་རྣམས་ཕེབ་བྱུང་བས་མཆོད་པ་བཤོམས་ཞེས་སྩལ། ཉེར་བརྒྱད་ཀྱི་ཐོ་རངས་ཀྱི་ཆར་ངེད་གཞོན་ནུའི་དུས་ས་སྐྱར་ཡོད་ཐོག་ནུབ་གཅིག་རྨི་ལམ་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་དངོས་སུ་མཇལ་བའི་བཞུགས་གདན་གྱི་