R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༡
[A:༤༤༡]ཉི་ཟླ་གཉིས་མེ་ལོང་འཁོར་བ་བཞིན་འདུག་པ་ཕྱག་གིས་གནོན་པའི་ཚུལ་གནང་བ་ཚེ་འདིའི་བར་ཆད་ཀྱི་ཚོགས་རྗེ་བཙུན་ཆེན་པོའི་ཐུགས་རྗེས་ཞི་ཞིང༌། དའང་བླ་མ་དེ་ཉིད་ཀྱི་ཐུགས་རྗེ་ཞིག་འོང་སྙམ་པ་ཡོད་ཕེབ་པ་ལྟར། དོན་གྱི་ཕ་བླ་མ་རིགས་ཀུན་བདག་པོ་འདི་ཉིད་སྔོན་ནས་ཚོགས་གཉིས་རྫོགས་པའི་སངས་རྒྱས་དངོས་ཡིན་མོད་ཀྱང༌། དྲང་དོན་དུ་གདུལ་བྱའི་སྣང་ངོར་ཙམ་དུ་གོང་གི་བསླབ་སྟོན་ལྟར་ན་རྒྱལ་བ་གོང་མ་ལྔ་དང༌། རྡོ་རྗེ་འཆང་མཁྱེན་རབ་ཡབ་སྲས་སོགས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བསུ་བའི་ཚུལ་དུ་མདུན་གྱི་ནམ་མཁའ་གང་བར་བྱོན་པར་སྣང༌། སྐུ་ཅུང་ཟད་དྭངས་རིང་ངེད་ལ་བསླབ་སྟོན་དུ། ཁྱོད་དེང་སང་ཞག་དུ་མའི་བར་དུ་གཉིད་མེད་པར་སྡོད་དགོས་བྱུང་སོང་བས་རེ་ཞིག་གཉིད་ཅུང་ཟད་ལོགས་ན་འོང་ཕེབ་པ་ལྟར་གཟིམས་ཆུང་ཕྱི་མར་གཉིད་ཅུང་ཟད་བྱུང་བ་ཞབས་ཕྱི་རྣམས་ཀྱིས་བོས་ཏེ། སྐུ་ཞབས་སུ་འབྱོར་འཕྲལ་ཕྱག་ནས་བཞེས་ཏེ་གོང་མ་མཁྱེན་རབ་བསྟན་འཛིན་བཟང་པོའི་གཟིམས་ལམ་སྐུ་འདྲ་སོགས་རྟེན་མཆོད་རྣམས་ལ་བརྟན་བཞུགས་བཀའ་དྲིན་བསྐྱངས་པའི་མུར། ངེད་ཀྱི་མགོར་ཕྱག་ནས་འཐོར་བ་དང་བཅས་ཤིས་བརྗོད་རྒྱས་པར་སྩལ། དེ་ནས་ཅུང་ཟད་མནལ་བའི་ཚུལ་གྱི་ངང་ནས་གནམ་གང་ཕྱི་མའི་སྐྱ་རེང་ཤར་ཙམ་གྱི་དུས་སུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་རྟགས་རྣམས་མངོན་དུ་གྱུར་པར། མཚུངས་མེད་ཆོས་རྗེ་རིན་པོ་ཆེས་འོད་གསལ་ལ་བཞུགས་དགོས་ཚུལ་གྱི་གསལ་འདེབས་གནང་བ་དང༌། ནམ་མཁའ་ལས་མེ་ཏོག་སྣ་ལྔའི་ཆར་ཁ་བ་ལྟར་