[A:༤༤༢]བབ་ཅིང༌། འཇའ་འོད་དཀར་པོ་ཞིག་གཟིམས་ཆུང་སྟེང་དུ་གདུང་ཚུགས་སུ་ཟུག་པ་དང༌། འཇའ་ཁ་དོག་སྣ་ལྔས་བར་སྣང་ཀུན་ཁྱབ་པ་དང༌། མཆོད་པའི་གཟུགས་བརྙན་གྱིས་ཁེངས་པ་དང་ལྷན་ཅིག །སྐུ་ལུས་མདའ་བསྲངས་པ་ལྟར་སྐྱིལ་ཀྲུང་གིས་བཞུགས། ཕྱག་གཡས་བདུད་འདུལ། གཡོན་མཉམ་གཞག་གི་ཕྱག་རྒྱ་མཛད་ནས། གཟུགས་སྐུའི་རྣམ་རོལ་ཆོས་དབྱིངས་ཟབ་མོའི་ཀློང་དུ་བསྡུ་བའི་ཚུལ་བསྟན། འདི་སྐབས་ངེད་ཞབས་འབྲིང་རྣམས་ལ་གོང་ནས་བསླབ་སྟོན་དུ། ངེད་སྐྱོན་གྱུར་གྱི་དུས་སུ་རྗེ་བཙུན་ཆེན་པོ་དང༌། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོའི་གསོལ་འདེབས་རྒྱུན་ཆད་མེད་པར་འདོན་དགོས་ཚུལ་ཕེབ་བྱུང་བ་ལྟར། ཕ་བླ་མ་རིགས་ཀུན་བདག་པོ་ཉིད་ཀྱི་གསོལ་འདེབས་དང་བཅས་གསོལ་བ་ཅི་ནུས་སུ་བཏབ། དེ་འཕྲལ་མཚུངས་མེད་རྔོག་སྟོན་ཆེན་པོས་གོང་དུ་སྨོས་པའི་རྗེ་བཙུན་མཁའ་སྤྱོད་གཙོ་མོ་སོགས་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་རྣམས་གསལ་འདེབས་བཀའ་དྲིན་བསྐྱངས་སོང༌། ངེད་གཞན་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེའི་སྐུ་ཞབས་སུ་མཁའ་སྤྱོད་མའི་ངག་འདོན་གྱི་ཉམས་ལེན་བྱས་ཏེ་བརྒྱ་མཆོད་སོགས་མཆོད་པའི་བྱེ་བྲག་རྒྱས་པར་ཕུལ་ཞིང༌། གདུང་ཡིད་བཞིན་གྱི་ནོར་བུ་ཞལ་ཆེམས་ལྟར་གདུང་ཆས་ཀྱི་རིམ་པ་མ་བྱས་ཤིང༌། རས་དཀར་དྲི་མ་མེད་པའི་ན་བཟའ་གསོལ་ཏེ། གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་གཙོ་བོར་གྱུར་པའི་ངེད་ནང་སྐོར་རྣམས་ཀྱིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང༌། བླ་མ་མཆོད་པའི་ཆོ་ག་རྒྱས་པ་ཚར་རེ་བསྒྲུབས། འདི་ཉིད་འོད་གསལ་ལ་བཞུགས་པའི་བྱིན་རླབས་ཀྱིས་ངེད་ཞབས་འབྲིང་པ་རྣམས་ལུས་སེམས་བདེ་