R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༠༦
[A:༤༠༦]སྙན་བརྒྱུད་གདམས་པའི་མཛོད་འཛིན་ཁྱབ་བདག་རྡོ་རིང་པ་ཆེན་པོ། རྒྱུད་ཐམས་ཅད་ཀྱི་རྩེ་མོ་འཁོར་ལོ་བདེ་མཆོག་ལ་བརྟེན་ཏེ་གྲུབ་པའི་དབང་ཕྱུག་ཆེན་པོ་པཎ་ཆེན་ནཱ་རོའི་ཐུགས་བཅུད་ཟབ་གསང་རྡོ་རྗེ་རྣལ་འབྱོར་མའི་ཉམས་བཞེས་ལ་བརྟེན་ནས་མཁའ་སྤྱོད་ཞིང་གི་གཙོ་མོ་ཉིད་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བའི་གྲུབ་པའི་འཁོར་ལོས་སྒྱུར་བ་བུདྡྷའི་མཚན་ཅན་སོགས་སྤྱི་དང་བྱེ་བྲག་གི་བསྟན་པའི་སྲོག་ཤིང་དམ་པར་ཡང་ཡང་དུ་ཕེབ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་མོད་ཀྱང༌། སོ་སོའི་རྣམ་ཐར་ལས་འདིར་མ་སྤྲོས་ཤིང༌། ཁྱད་པར་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་ཡང་དགུང་ལོ་རེ་དགུ་པ་ལྕགས་སྦྲུལ་ཧོར་ཟླ་དྲུག་པ་ཡན་གྱི་མཛད་པ་མཐའ་དག་དྲིན་ཆེན་བླ་མ་ཉིད་ཀྱིས་མཛད་པའི་ཤེལ་དཀར་ཕྲེང་བ་ལས་ཤེས་པ་ལྟར་ལགས། ལོ་དེའི་ཟླ་བ་བདུན་པའི་ནང་དུ་བླ་བྲང་འདི་ཉིད་ཀྱི་མགོན་ཁང་ཆེན་པོར་ནོར་སྦྱིན་དབང་པོ་རྣམ་ཐོས་སྲས་ཀྱི་སྐུ་ཆེ་བ་བཞེངས་པ་གནང་རྩིས་ལ། ཨེ་ནས་སྤྲུལ་སྐུ་བ་ཟུང་འབུར་བཟོ་ཤིན་ཏུ་མཁས་པ་ཕ་བླ་མ་དེ་ཉིད་ཀྱི་ཐུགས་རྗེས་རང་འཁོར་དུ་བྱུང་བས་བཀའི་བསླབ་སྟོན་སྩལ་ཏེ། གཟའ་ཚེས་ལེགས་ཐོག་ཏུ་ཤིང་སོགས་དམ་པ་གོང་མའི་ཕྱག་རྒྱུན་ཇི་བཞིན་གྱི་བཅའ་དག་བསྒྲིགས་སྔོན་ཏུ་འགྲོ་བའི་ནང་གཞུག་ཏུ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ནས་ཁྱབ་བདག་མཁྱེན་རབ་བསྟན་འཛིན་བཟང་པོ་ཁུ་དབོན་སོགས་སངས་རྒྱས་ཉག་གཅིག་ཏུ་བྱོན་པའི་འདྲེན་མཆོག་གོང་མ་རྣམས་ཀྱི་དབུ་ལོ། ན་བཟའ། ཞབས་སེན་སོགས་བྱིན་རྟེན་ཕོན་ཆེ་བ། འཕགས་མཆོག་ཕྱག་ན་པདྨ་ངུར་སྨྲིག་གར་གྱི་རྣམ་པར་རོལ་ཞིང་སྲིད་ཞིའི་གཙུག་རྒྱན་ཆེན་པོ་ཀུན་མཁྱེན་ལྔ་པའི་སྤུར་ཚྭ། ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོའི་སྐུ་ཐང་ཕྱག་ནས་མ་དངོས་དང་ཁྱད་པར་མ་མཆིས་པ་སོགས་བྱིན་རླབས་