[A:༤༠༧]ཅན་གྱི་ཐང་སྐུ་ཁ་ཤས། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་སྐུ་ཆོས་ལ་ནོར་སྦྱིན་དབང་པོ་ཉིད་ཀྱི་སྐུ་བྲི་བ་གནང་བར་རྗེ་བླ་མ་ཉིད་ཀྱི་ཕྱག་ནས་བརྒྱ་རྩ་སོགས་བཀའ་དྲིན་བསྐྱངས་ཏེ་མཐུ་སྟོབས་ནུས་མཐུ་མ་ལུས་པ་ནོར་གྱི་དབང་པོ་དངོས་དང་ཁྱད་པར་མ་མཆིས་པའི་སྐུ་ཐང༌། ཁྱབ་བདག་དབང་ཕྱུག་རབ་བརྟན་གྱིས་སྐལ་ལྡན་རྣམས་སྨིན་གྲོལ་ལམ་ལ་དགོད་ཕྱིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་སྩོལ་བའི་སིནྡྷཱུ་རའི་མཎྜལ། ཁྱབ་བདག་བླ་མ་ཉིད་ཡན་གྱི་ཐུགས་དམ་རྟེན་བྱིན་ཆེན། རྡོ་རྗེ་འཆང་མཁྱེན་རབ་བསྟན་འཛིན་བཟང་པོའི་རིང་བསྲེལ། སྤུར་ཐལ་བཞུགས་པའི་རྒྱལ་བ་འཆི་མེད་དབང་པོའི་སྐུ་བརྙན། རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་སྤུར་ཚྭ། གྲུབ་པའི་དབང་ཕྱུག་ངག་དབང་བསྟན་པ་རབ་རྒྱས་ཀྱི་བཞེས་ཆེན་བྷནྡྷའི་ཐོད་པ་སོགས་ནང་གཞུག་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་ཕ་བླ་མ་རིགས་ཀུན་བདག་པོ་དེ་ཉིད་ཀྱིས་ནོར་སྦྱིན་དབང་པོའི་ཚོགས་སྒྲུབ་གནང་སྐབས་ངལ་བསོས་རྒྱལ་པོ་དཔོན་བློན་འཁོར་བཅས་ཀྱིས་སོ་སོར་ཕུལ་བའི་བསྐུལ་ཡིག་རྣམ་གྲངས་མང་ཙམ་དང་བཅས་ནང་གཞུག་ཏུ་སྩལ་ཏེ་བཞེངས་པའི་དབུ་འཛུགས་པ་བཀའ་དྲིན་བསྐྱངས་ཤིང༌། དེ་དང་ལྷན་ཅིག་མཁྱེན་རབ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱིས་བྱིན་གྱིས་བརླབས་པའི་གནས། དབེན་གནས་སྒོམ་ཁང་གི་མགོན་ཁང་དུ་ཕ་མེས་བརྒྱུད་པ་ཀུན་གྱི་བསྟན་སྲུང་རྒྱ་མཚོའི་གཙོ་བོ་མ་གཅིག་སྲིད་གསུམ་བདག་མོ་དཔོན་བློན། རྣམ་ཐོས་སྲས་ཡང་གསང་ཡབ་ཡུམ་གྱི་སྐུ་བཅས་བཞེངས་པ་གནང་བའི་ལྗགས་བཀོད་བཀའ་དྲིན་བསྐྱངས་ཏེ། བཟོ་བོ་གཉིས་ལ་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་དུ་ཕོག །སྟོན་མོ། ཟུར་གསོས་སོགས་རྒྱ་ཆེ་བར་བཀའ་དྲིན་བསྐྱངས་ཤིང༌།