[A:༤༤༥]རིམ་ལྔ་ལས། མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པར་ཡང་དག་བརྩོན། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་དང༌། གྲུབ་ཆེན་དྲིལ་བུ་པས། ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་རྣམས་ལས། བླ་མ་མཆོད་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་ཤིང༌། དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང༌། བ་ཚྭ་ཆུ་ཀླུང་ཅན་གྱི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པའི་ཚེ། །ང་ཉིད་སློབ་དཔོན་གཟུགས་ཀྱིས་གནས། །ཞེས་གསུངས་པ་ལྟར། རང་ཅག་ལས་ཉོན་གྱིས་བསྒྲིབས་པའི་གདུལ་བྱ་རྣམས་ཀྱི་སྣང་ངོར་རྫོགས་པའི་སངས་རྒྱས་རྣམས་རྡོ་རྗེ་སློབ་དཔོན་གྱི་སྐུའི་རྣམ་པ་ཅན་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་ཅིང༌། རང་རིག་ཡེ་ཤེས་ཀྱི་རྒྱལ་པོ་ཉིད་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་སུ་ངོ་སྤྲོད་ཕྱིར་དཀྱིལ་འཁོར་རྣམས་ཀྱི་གཙོ་བོར་བཞེངས་ཏེ། དབང་བཞི་ཡོངས་རྫོགས་ཀྱིས་སྨིན་ཅིང་གྲོལ་བའི་ལམ་མཆོག་སྟོན་པ་སོགས་སྐུ་དྲིན་སངས་རྒྱས་བྱང་སེམས་རྣམས་ལས་དཔལ་ལྡན་བླ་མ་ཆེ་བ་ཞིག་ཡིན་ཏེ། རྩ་རྒྱུད་བརྟག་པ་གཉིས་པ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། སམྦུ་ཊ་ལས། ནང་གི་དབྱེ་བ་འདི་ཉིད་ནི། །བླ་མའི་ཞལ་ལས་རྙེད་པར་འགྱུར། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་འཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ལ། དེ་ལྟར་མཆོད་པ་རྣམས་གསང་རྒྱ་མ་གྲོལ་བར་འབྱུང་བ་དང༌། མཚུངས་