R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༤༤
[A:༤༤༤]ཏུ་གསལ་ཞིང༌། ཟིལ་པ་ཕྲོམ་ཕྲོམ་བྱེད་པ་སོགས་སྐུ་དངོས་སུ་སོས་པ་ལྟ་བུར་གྱུར་པར། དེར་གནས་ཀྱི་ཞབས་འབྲིང་ཚང་མ་གདོང་མཆི་མས་གང་ཞིང༌། དམ་པའི་དེད་དཔོན་དང་བྲལ་བའི་སེམས་ཁྲལ་གྱི་ཟུག་རྔུ་བཟོད་བླག་མེད་པ་ཞིག་ཏུ་གྱུར་ཏོ། །ཀྱི་ཧུད་རྒྱུན་ཆད་མེད་པའི་འཁོར་བ་འདིར། །ཡང་ཡང་སྡུག་བསྔལ་ཟུག་རྔུས་ཉེར་གཙེས་ལས། །སྐྱབས་པའི་འདྲེན་མཆོག་རྟ་བདུན་རྒྱལ་པོ་དེ། །ནུབ་རིའི་ཕག་ཏུ་ནུབ་པའི་ཚུལ་བསྟན་ཚེ། །བདག་སོགས་སེམས་ཅན་མགོན་མེད་སུ་ལ་རེ། །བསམ་ཀྱིན་ཉིན་མཚན་ཁོར་ཡུག་འདྲེན་པ་མཆོག །དྲན་ཏེ་བདག་སྙིང་ཁོལ་བའི་ཆུ་གཏེར་གྱིས། །འདྲེན་བྱེད་བཞིན་རས་ཡོངས་སུ་ཁྱབ་པར་གྱུར། །དེ་ནས་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སྐུ་གདུང་རིན་པོ་ཆེ་གཟིམས་ཆུང་སྦུག་ཏུ་གདུང་སྒྲོམ་གྱི་ནང་དུ་བྱེ་ལྟེམས་ཞུས་ཏེ། དབུའི་ཐད་དུ་དབུ་རྒྱན་ཐག་དྲུབ་ཤིན་ཏུ་ལེགས་པ་ཞིག་གསོལ། སྐུའི་ཐད་དུ་སྣམ་སྦྱར་དང༌། སྐུ་མདུན་དུ་ཕྱག་ཌ་མ། ཕྱག་དྲིལ་སོགས་སྐུའི་ཉེར་སྤྱད་རྣམས་བཤམས་ཤིང༌། དབུ་ཐོག་ཏུ་བླ་བྲེ། གཡས་གཡོན་དུ་ཕྱེ་འཕུར། འཕན་གདུགས་སོགས་མཆོད་རྫས་ཀྱི་རྣམ་པ་དུ་མས་མཛེས་པར་བརྒྱན། སྤོས། མར་མེ། ཞལ་ཟས་སོགས་སྣ་ལྔའི་མཆོད་པ་རྒྱུན་ཆད་མེད་པར་འགྲུབ་མཁོས་བགྱིས་ཤིང༌། དེའང་དཔལ་ལྡན་བླ་མའི་ཚོགས་ལ་སྐུའི་ཉེར་སྤྱད་སོགས་འབུལ་བ་འདི་ཉིད་རྒྱུད་མཐའ་དག་གི་དགོངས་པ་དང་མཐུན་པར་མངོན་ཏེ། ཇི་སྐད་དུ། རྡོ་རྗེ་གུར་ལས། མགོ་བོར་དབུ་རྒྱན་བསྐོན་བྱ་ཞིང༌། །ལག་པར་རྡོ་རྗེ་དྲིལ་བུ་བྱིན། །ཞེས་དང༌། གསང་འདུས་ལས། སློབ་དཔོན་ལྷ་ནི་དམ་པ་སྟེ། །འབད་པའི་སྒོ་ནས་མཆོད་པར་འོས། །ཞེས་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་