R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༠༩
[A:༤༠༩]ཅན་བླ་མ་དམ་པ་ཉིད་དཔོན་སློབ་རྣམས་ཀྱིས་ཕོ་རོག་ལ་བརྒྱུད་ཆིབས་ཁ་བསྐྱོད་པར། ཕེབ་ལམ་དུ་བཞུགས་ཞག་གསུམ་བཀའ་དྲིན་བསྐྱངས་པའི་དེ་སྐོར། བོད་བྱང་གི་འབྲོག་པ་རྣམས་ཀྱིས་མར་འཕྱུར། འབྲི་གཡག་སོགས་ཀྱི་འབུལ་བ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་ཕུལ་ཞིང༌། རིམ་གྱིས་གྲོ་མ་ལུང་གི་ཆབ་ཚན་ཏུ་ཕེབ་སྟེ་ཆབ་ཞག་བདུན་གྱི་བར་དུ་སྐུའི་འཕྲོད་བསྟེན་གནང་རིང་དང་ཚུར་ལམ་བཞུགས་ཞག་གསུམ་གྱི་བར་དད་ཅན་གྱི་སྦྱིན་བདག་ཕོ་མོ་སོགས་བསོད་ནམས་ཅན་དུ་མས་བསྙེན་བཀུར་གྱི་ཚོགས་སྲིད་རྩེ་བར་ཕྱུར་བུར་དུ་སྤུངས་ཤིང༌། ཧོར་ཟླ་དགུ་པའི་ཚེས་དགེ་བར་བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་སྤྲིན་ལྟར་འདུ་བའི་གནས་མཆོག་སྒོམ་ཁང་དུ་ཆིབས་ཀྱི་ཁ་ལོ་བསྐྱོད་པར། དམ་པ་གང་གི་སྐུའི་སྣག་དབོན་རྗེ་དྲུང་ངག་དབང་གྲགས་པ་དཔོན་སློབ་རྣམས་ཀྱིས་ཕེབ་བསུའི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་ནས་བླ་བྲང་ཉིད་དུ་འཆགས་ཕེབ་སྟེ། འདི་ཉིད་ཆབ་ཚན་ལ་ཕེབ་གདོང་དུ་བསླབ་སྟོན་བཀའ་དྲིན་བསྐྱངས་བྱུང་བ་ལྟར་གོང་གི་སྐུ་བརྙན་རྣམས་གདན་དྲངས་པ་དང༌། ཆིབས་བསུ་བཅས་ལ་ངེད་ནས་ཞབས་འབྲིང་བཅར་དུས། དོ་ཞག་ཆུ་ཚན་འགྲོ་སྐབས་ཁྱོད་ཀྱང་འགྲོ་དགོས་ཚུལ་ཕེབ་བྱུང་བའི་དུས་ཇི་བཞིན་ཐེང་དཀའ་བ་ཞིག་བྱུང་ཀྱང༌། ཕྱིས་སུ་བསམ་ཚེ་གང་སྤྱིའི་དགོངས་པ་ཁྱད་པར་ཅན་ཞིག་གཏད་པར་གནང༌། ཕྱི་ཉིན་བསླབ་སྟོན་ལྟར་ཞབས་འབྲིང་བྱས་ཏེ་རྣམ་སྲས་ཀྱི་སྐུར་གཟུངས་གཞུག་རྒྱས་པར་ཕུལ་ཞིང༌། སྐུ་གཞན་རྣམས་ལ་རུ་ཤིང་སྟབས་གཟུངས་གཞུག་སྔོན་ནས་གྲུབ་པ་གནང་སོང་བ་ལྟར། མགོན་ཁང་དེ་ཉིད་ཀྱི་མགོན་ཆེན་གྱི་གཡོན་དུ་ལྷ་མོ་དང༌། དེའི་གཡོན་