[A:༤༡༠]དུ་རྣམ་སྲས་སོགས་སྒྲིག་པ་གནང་བར། ཕྱི་ཉིན་གཉིས་ཀྱི་བར་རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་མཆོག་གི་ཞབས་འབྲིང་དུ་གྲུབ་པའི་དབང་ཕྱུག་རྔོག་གདོང་ཆོས་རྗེ་སོགས་དཔོན་སློབ་ཆེས་མང་བས་བཅོམ་ལྡན་འདས་དགྱེས་མཛད་རྡོ་རྗེའི་སྒོ་ནས་དངོས་གྲུབ་འབྱུང་བ་ནས་ཇི་ལྟར་བཤད་པ་བཞིན་རབ་ཏུ་གནས་པ་བཀའ་དྲིན་བསྐྱངས་པའི་ཚེ། འོག་མིན་གྱི་ཞིང་ནས་ཡེ་ཤེས་སེམས་དཔའ་རྣམས་མངོན་སུམ་སྤྱན་དྲངས་ཏེ་དམ་ཚིག་སེམས་དཔའ་རྣམས་ལ་བཅུག་ནས་བསྟན་དགྲ་རྣམས་འཇོམས་ཏེ་དངོས་གྲུབ་འབད་མེད་དུ་སྩོལ་བའི་མངའ་གསོལ་བཀའ་དྲིན་བསྐྱངས། སྒོམ་ཁང་དུ་བཞུགས་ཞག་བདུན་བརྒྱད་ཙམ་བཀའ་དྲིན་བསྐྱངས་རིང་ཉིན་བསྟར་བཙུན་མ་རྣམས་ལ་རྗེས་གནང་གི་རིམ་པ་དང༌། གྲོལ་དབང་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོས་མཆོག་གི་སློབ་དཔོན་ཆེན་པོ་ལས་དངོས་སུ་གསན་པའི་འཆི་མེད་དཔལ་སྟེར་གྱི་ཚེ་དབང་བྱིན་རླབས་ཅན་དེ་བཀའ་དྲིན་བསྐྱངས་ཤིང༌། གཙོ་བོར་གྲུབ་དབང་ཇོ་ལགས་སྐུ་མཆེད་དང་གྲྭ་རིགས་བཅས་ནས་དཀར་གྲོ་སོགས་རྒྱུན་པར་སྒེར་གཞུང་སོ་སོས་གང་འབྱོར་ཡང་དག་ཞུས་ཤིང༌། ཁྱད་པར་ཞབས་བརྟན་ཉིན་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་ག་ལ་བརྟེན་པའི་ཞབས་པད་ཡུན་དུ་བརྟན་དགོས་པའི་གསོལ་འདེབས་སོགས་ཡང་དག་གནང་ཐོག །ནས་སྲན་གཙོ་བོར་གྱུར་པའི་མཁོ་རྒུའི་ལོངས་སྤྱོད་ལ་སོགས་རྒྱལ་པོའི་འབྱོར་པའི་ཁེངས་པ་འཕྲོག་ནུས་པ་ཙམ་དུ་འབུལ་བར་མཛད། དད་འདུན་ཡོན་བདག་རྣམས་ཀྱང་འབྱོར་བབས་དང་བསྟུན་པའི་ཤ་མར། ཇ། གོས་དར་སོགས་ཀྱི་འབུལ་བ་རྒྱས་པར་ཕུལ་ཞིང༌། ཕར་ཡང་བྱིན་རྟེན་གནང་སྐྱེས་སོགས་རྒྱ་ཆེ་བར་བཀའ་དྲིན་བསྐྱངས།