R190: ལྷར་བཅས་འགྲོ་བའི་སྐྱབས་མགོན་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཚན་དཔག་པར་དཀའ་བ་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་རྣམ་ཐར་སྨད་ཆ་སྐལ་ལྡན་རྣ་བའི་བདུད་རྩི།

  • Pagination (Witness A): ༤༠༨
[A:༤༠༨] ཚོན་རྩིས་མཐའ་བརྟེན་པའི་བཟོ་བཀོད་ཕུན་སུམ་ཚོགས་པ་གྲུབ་བསྟུན་ནོར་སྦྱིན་དབང་པོའི་སྐུ་བརྙན་ཆེ་བ་དེ་ཉིད་བླ་བྲང་ལྕང་ལོ་ཅན་གྱི་མགོན་ཁང་གི་བྱང་ཕྱོགས་ཀྱི་རྟེན་གྱི་གཙོ་བོར་བསྒྲིགས་པ་བཀའ་དྲིན་བསྐྱངས་འཕྲལ་དམ་སེལ་སོགས་ཀྱི་སྐྱོན་སྤང་ཕྱིར་སྐུ་རྐྱང་ནས་རབ་གནས་ཤིན་ཏུ་རྒྱས་པར་བཀའ་དྲིན་བསྐྱངས་ཏེ། བླ་བྲང་འདི་ཉིད་འཛིན་པའི་ཆོས་སྲིད་ཀྱི་བྱེད་པོ་རྣམས་ལ་ལོངས་སྤྱོད་རྣམས་འབད་མེད་དུ་འབྱུང་བའི་བཀའ་བསྒོ་དམ་གཞག་སོགས་བཀའ་དྲིན་བསྐྱངས་པའི་སྐབས་དགེ་མཚན་གྱི་ལྟས་ཆེས་ཤིན་ཏུ་མང་བ་ཞིག་ཀུན་གྱི་མཐུན་གྲུབ་ཏུ་བྱུང་ཞིང༌། གོང་གི་ཐུགས་རྗེས་ངེད་རྗེས་འཇུག་རྣམས་ལའང་ལོངས་སྤྱོད་རྣམས་དགོས་གལ་ཆེ་དུས་འབད་མེད་དུ་འབྱུང་བ་འདི་གཅིག་པུའི་སྐུ་དྲིན་ཡང་གཞལ་ནུས་ཀྱི་ཡུལ་དུ་མ་མཆིས་པ་ཞིག་གོ །རིན་ཆེན་མང་སྤྲུལ་ངལ་བསོས་རྒྱལ་པོ་ཆེའི། །སྐུ་བརྙན་བསམ་འཕེལ་དབང་དང་དབྱེར་མེད་པ། །བཞེངས་པའི་དགོངས་བཞེད་སྔོན་དུ་གྱུར་པའི་ཚེ། །ངོ་མཚར་ཕུན་སུམ་ཚོགས་པས་ཁྱབ་པར་གྱུར། །ཟླ་བ་འདིའི་ཟླ་སྨད་དུ་བྱང་དུ་སྐུའི་འཕྲོད་བསྟེན་གྱི་ཚབ་ཚན་ལ་ཆིབས་ཁ་བསྒྱུར་བར་དགོངས་པ་གཏད་སོང་བ་ངེད་ཀྱིས་ད་ལམ་ཞབས་འབྲིང་དུ་ཕྱིན་ན་ཞུས་པར། བླ་བྲང་འདི་ཉིད་དུ་འཛིན་སྐྱོང་གི་ཕྱིར་དུ་བསྡད་ན་འགབ་ཚུལ་ཕེབ་པ་བཞིན་བཀའ་བསྟུན་ཞུས། ཕ་བླ་མ་དེ་ཉིད་དཔོན་སློབ་ཆེས་ཤིན་ཏུ་མང་བ་དང༌། ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་རྗེ་རིན་པོ་ཆེའང་ལྷན་དུ་ཕེབ་པ་བཀའ་དྲིན་བསྐྱངས་སོང་བ། དར་ཡུལ་ཕུར་རྫ་ལམ་ངན་པ་རྣམས་མ་བསྒྲལ་བར་ངེད་ནས་ཀྱང་ཞབས་ཕྱིར་ཕྱིན་ཞིང༌། ནག་ཉིལ་བའི་ཐད་དུ་བཞུགས་ཞག་བཀའ་དྲིན་བསྐྱངས་པའི་ཕྱིར་ནང་ངེད་ཕྱིར་ལོག་ཅིང༌། དྲིན་