[A:༤༡༡] སྒོམ་ཁང་པ་དཔོན་སློབ་རྣམས་ལའང་དངོས་པོའི་གནང་སྐྱེས་དང༌། ཕྱག་མདུད། བྱིན་རྟེན་སོགས་ཟབ་རྒྱས་སུ་བཀའ་དྲིན་བསྐྱངས་ཤིང༌། དེའུ་ན་ཁར་གྲྭ་མང་ནས་ཐབ་སྐྱེལ་ཞུས་པར་སོ་སོར་ཕྱག་དབང་དང༌། དགོན་གྱི་སྒྲིག་ལམ། རྩྭ་ཤིང་སྲུང་སྡོམ་སོགས་བླ་བྲང་ལར་རྒྱ་དང༌། ཇོ་ལགས་སྐུ་མཆེད་ཀྱི་ཞབས་ཕྱིར་གང་འགྱུར་དགོས་པའི་བསླབ་སྟོན་ཡང་དག་བཀའ་དྲིན་བསྐྱངས། དེ་ནུབ་མཚུངས་མེད་རྔོག་སྟོན་རིམ་པས་བྱིན་གྱིས་བརླབས་པའི་གནས་ཉན་པོ་དགོན་དུ་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་སྐུ་མཆེད་ནས་སྤྱན་འདྲེན་གནང་བ་ལྟར་ཆིབས་ཁ་བསྐྱོད་པར། བསང༌། དུང༌། དར་འཕྱར་སོགས་ཕེབ་བསུའི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་གཟིམས་ཁང་ཉིད་དུ་ཕེབ་པར། གཞིས་ལེན་གྱི་སྟོན་མོ་ཞུས་ཤིང༌། དེ་ནུབ་བཞུགས་གདན་འཇགས། ཕྱི་ནང་ཉན་པོ་བ་རྣམས་ལ་ཚེ་དབང་བཀའ་དྲིན་བསྐྱངས་ཤིང༌། སོ་སོའི་འབྱོར་པ་དང་བསྟུན་པའི་སྤྱི་སྒེར་ནས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ་བས། བྱང་བུ་ལྗགས་བསྔོ་སོགས་ཆོས་ཕྱོགས་དང༌། ཕྱག་མདུད་གནང་སྐྱེས་སོགས་ལུགས་གཉིས་ཀྱི་སྒོ་ནས་སོ་སོའྀ་བློའི་རེ་བ་འགེང་པར་གནང༌། གཟིམས་ཁང་ནས་གོས་དར། སྣམ་རས་སོགས་སྤྱི་འབུལ་དང༌། ཞལ་ངོ་རྣམས་སོ་སོས་སྒེར་མཇལ་དཔངས་མཐོ་བར་ཞུས། ཕར་ཡང་ལུགས་གཉིས་དང་འབྲེལ་བའི་བསླབ་སྟོན་དང་ཕྱག་མདུད། བྱིན་རྟེན། གནང་སྦྱིན་བཅས་ཞིབ་པར་སྩལ། ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་ལམ་ཞོར་དུ་འཚོ་མཛད་ཚང་གི་སར་ཆིབས་ཁ་བསྐྱོད་དེ་གནང་སྐྱེས་ཡང་དག་བཀའ་དྲིན་བསྐྱངས། ཚུར་ཡང་སྟོན་མོ་འབུལ་བ་སོགས་གཞན་དང་མི་འདྲ་བར་མཛད།