[A:༥༥༡]སྟོན་ཐོག་བསྡུ་ཐེབས་དང་བྲལ་བ་བྱུང་ཀྱང་བློ་གསལ་གྱིས་ཁུར་བླངས་པའི་སྒྲུབ་མཆོད་ཐམས་ཅད་ཆག་མེད་བཏང་སོང་ཀྱང༌། སྟག་ལུང་ཆ་ལའི་བོང་བུའི་དཔེ་ལྟར་བྱུང་སོང༌། དེ་ནས་འཕྲོད་བསྟེན་གྱིས་མཇུག་མཐུད་ལོང་མེད་པར་སྣོན་ནས་སྡེ་པ་སྟར་གདོང་ནས་དང༌། གྲྭ་ཚང་གི་སྡེ་པ་གཉིས་ནས་འཕྲལ་དུ་འོང་དགོས་པའི་བསླབ་དོན་ཤ་འཐེན་པགས་འཐེན་བྱུང་བས་གཉིས་ཀ་སྐུ་ཡུལ་གཉན་ཞིང་ཞལ་ངོ་ཁུ་མཚན་དུ་སོང་བས་ཐོག་མར་སྣོན་ལ་ཕྱིན། ཞག་གཉིས་ལས་མ་འགོར་བར་སླེབས་འོང་ཚུལ་གྱི་ཞུ་ཡིག་ཕུལ་ཕྱིན་པ་ཡིན་རུང༌། སྡེ་པ་ཆེན་མོ་ཐུགས་ཚ་གཤིས་སྣོན་དུ་བང་ཆེན་གནང༌། ལམ་སྲང་ནས་འོང་དགོས་པའི་བང་ཆེན་གནང་བར་བརྟེན་ཤར་མར་ཕྱིན། དེ་ནུབ་ནོར་བུ་སྒང་དུ་བསྡད། སང་ཉིན་སྔ་བརཕྱིན་པས་འབྲས་སྤུངས་སུ་གུང་ཚིགས་ཟིན་པར་སླེབས། སྡེ་པ་རིན་པོ་ཆེར་བཀྲུ་བྱབས་དང༌། དབང༌། རྗེས་གནང༌། ལུང་རྣམས་རིམ་པར་ཉིན་བསྟར་གྱིས་ཕུལ། གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་པད་འདུས་ལགས་དང༌། ཀླུ་སྒྲུབ་ལགས་ཀྱིས་སྡེ་པར་དགོངས་པ་ཞུས་གནང་ལྟར་གུང་སེང་ལ་འོག་གི་གཟིམས་ཆུང་ཟུར་འཕྱོང་དུ་གྲྭ་པ་བཞི་བཅུ་སྐོར་ལ་ཇོ་བོ་ལུགས་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་རྗེས་གནང་ལུང་བཅས་ཕུལ་བས་སྟེང་དུ་སྡེ་པའི་སྐུ་ཞབས་སུའང་ཚར་གཅིག་འབུལ་དགོས་བྱུང༌། དེ་ནས་གྲྭ་ཚང་གི་གྲྭ་པ་སྒྲེས་པ་རྣམས་བཀའ་བགྲོས་གནང་གྲུབ་པའི་རྗེས་གནང་ལུང་སོགས་མང་བར་དགོས་ཚུལ་ཕེབ་པར་བརྟེན་འབྲས་སྤུངས་ཆུ་ངན་གཤིས་ཁམས་བདེ་རྒྱུ་མ་བྱུང་ཀྱང་བསྟན་རྒྱུན་ལ་བསམ་པའི་