[A:༥༥༣]ཕུལ། ཇ། གོས་དར། རྒྱའི་ཉ་ལྕིབས་ཀྱི་མེ་ཏོག་ཆ་སོགས་བྱུང༌། སྡེ་པ་སྐུ་ཁམས་སངས་དྭངས་ལྟ་བུར་སོང་བས་དགོངས་ཁྲོལ་ཞུས་ནས་ལོག་འོང༌། སྣོན་གཞིས་དཀར་ཞག་གསུམ་བསྡད། ཞལ་ངོ་རྣམས་ལ་ཚེ་རྟ་བརྒྱ་རྩ་སོགས་ཕུལ། བློ་གསལ་ཡང་བསུ་བར་འབྱོར། སྙེ་ཐང་དུ་ལྕང་སྐྱ་པའི་བུ་འདས་པའི་དབང་བསྐུར་ལམ་སྟོན་བསྲེག་སྦྱང་བགྱིས་ནས་རང་གནས་སུ་སླེབས། སྙེ་ཐང་འཕགས་སྡེ་གྲྭ་ཚང་དུ་མཁན་པོ་འཇམ་དབྱངས་གྲགས་པས་ཀྱེ་རྡོར་སྒྲུབ་མཆོད་གསར་ཞུས་གནང་བའི་མཁན་པོས་དབུས་གྲྭ་པ་ཐམས་ཅད་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཀྱེ་རྡོ་རྗེའི་དབང་གྲངས་བཅད་དུ་ཕུལ། ཀུན་དགའ་དམ་ཆོས་སོགས་གྲྭ་པ་བརྒྱད་ཕྱག་ལེན་འཁྲིད་པར་འདི་གར་ཕེབ་པར་ངོར་ལུགས་ཀྱི་ཕྱག་ལེན་ཕྲ་རགས་ཐམས་ཅད་ཁྲིད། དེ་ནས་མི་འགྱང་བར་མཁན་པོ་གཤེགས་པའི་དབང་བསྐུར་ཞུགས་འབུལ་ལ་དགོན་པར་ཕྱིན། ཀུན་རིག་གི་སྒོ་ནས་དབང་བསྐུར། བསྲེག་སྦྱང༌། ལམ་སྟོན་ཞུ་བ་རྒྱས་པར་ཞག་གཅིག་ལས་མ་འགོར། འདི་ཁའི་མགོན་ཁང་དུ་སྔར་གྱི་འཕྲོས་སུ་གནོད་སྦྱིན་ཡབ་ཡུམ། པུ་ཏྲ། བྷ་ཊ། སྲིན་མོ་རྣམས་མི་ཚད་ཙམ་རུ་ཤིང་ནས་ཞལ་བསྲོ་རབ་གནས་ཀྱི་བར་སྔར་ལྟར་སྤུས་ལེགས་གྲུབ་པ་མགོན་ཁང་དུ་གསར་དུ་བསྒྲིགས། འདི་འབྲུག་ལོ་རང་ལོ་ང་དགུ་པ་ཡིན། དེ་དག་གི་སྔར་ཕྱིར་འདི་གར་སྦྱོར་འཇགས་སུ་མགོན་ཁང་དུ་ལྷ་བརྒྱད་ཀྱི་འབུར་སྐུ་སོ་སོར་ན་བཟའ་ཁ་བཏགས་ཆེ་ལེགས་རེ། གསེར་རྔ་ལེགས་པ་བཞི། བལ་སྦུབས་སྐྱོན་མེད་ལེགས་པ་ཆ། གོས་ཆེན་གྱི་རྒྱལ་མཚན་ཆ་རེ། རས་ཡོལ་ཁ་གསར་