R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༤
[A:༥༥༤]ཨ་ལོང་ཁ་བཤུར་ཆ་འགྲིགས། ཁྲོ་སྐྱོན་མེད། ཟོ་ལག་ལྕགས་ཤན་མ་སྐྱོགས། རྒྱ་ཐུར་བཅས་ཕུལ་བས་བློ་གཟུར་གནས་རྣམས་ནི་དགྱེས་ལོས་ཡོད། དེ་ནས་འཆད་ཀར་སྨན་བླའི་ཕོ་བྲང་གདན་དྲངས། སྤྱི་སྒེར་ཐམས་ཅད་ནས་ཞལ་བསྲོ་རྒྱས་པ་དང་བཅས་ཟླ་མཆོད་འདུ་ཁང་དུ་བསྒྲིགས། བསྐང་གསོ་བ་རྣམས་ལ་གུར་ལྷ་བརྒྱད་ཀྱི་རྗེས་གནང༌། ཏྲཀྴད་ཀྱི་རྗེས་གནང་བྱས། ཚེ་རྟ་སོགས་སྐྱ་སེར་ཐམས་ཅད་ཀྱི་བློའི་རེ་བ་བསྐངས། ཟླ་བ་གཅིག་ལྷག་པར་བསྡད། མར་ལམ་གུང་ཐང་གཟིམས་ཁང་ཤར་དུ་གྲྭ་པ་རྣམས་ལ་གུར་ལྷ་བརྒྱད་དང༌། ཞལ་གྱི་གཏོར་དབང་བྱས། ཞག་གཅིག་བསྡད། དེ་ནས་ལྷ་སར་ཞག་ལྔ་འགོར་རིང་སྡེ་པ་ལུམ་པ་ནས་ལ་ཚེ་རྟ། ནང་པ་རག་པའི་ནང་དུ་ཀླུ་དབང་ལགས་སོགས་ཐམས་ཅད་ལ་ཚེ་དབང་དང༌། མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང༌། རྣལ་འབྱོར་མའི་བྱིན་རླབས། རམ་པ་ཁང་གསར་དུའང་དེ་མཚུངས། རབ་མཐིལ་པར་ཡང་ཚེ་རྟ་དང་བར་ཆད་ཀུན་སེལ། རྙེད་པའང་དཔག་མེད་བྱུང༌། མར་ལམ་སྣོན་གཞིས་ཀར་སྡེ་པ་རབ་བརྟན་ཕུན་ཚོགས་གཤེགས་པའི་བསྔོ་རྟེན་བྱང་བཞུ་བཅས་འཆད་ཀར་བྱུང་ཀྱང༌། འདིར་ཡང་ཆིབས་སྒ་སོགས་རྒྱས་པར་བྱུང་བས་དགེ་བ་རྫོགས་བྱང་དུ་བསྔོས། ཞལ་ངོ་རྣམས་ལ་ཚེ་རྟ་སོགས་ཕུལ། རང་གནས་སུ་འབྱོར། མདོ་ཁམས་སྡེ་དགེ་བ་སངས་རྒྱས་རྒྱ་མཚོ། ཆོས་གྲགས། སྐྱོ་མདའ་བ་བསོད་ནམས་དབང་ཕྱུག་བཅས་པར་བདེ་མཆོག་སྦྱངས་པའི་ཡོན་ཏན་གྱི་དབང་རས་བྲིས་ལ་བརྟེན་པ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་ཉམས་