[A:༥༥༦]བཅུ་པར་ཡར་ཀླུངས་སུ་བཏེག །ར་བ་སྨད་དུ་གུང་ཚིགས་བྱས། ལྷ་རྩེར་ཉལ། དེ་ནས་བྱ་སར་ཞག་གཅིག་བྱས་ཐོག་ཆོས་སྡེར་འབྱོར། རྡོ་རྗེ་བྲག་ནས་སྤང་ལེབ་ཁམ་པ་གཉིས་ལ་བསྙེན་རྫོགས་བགྱིད་གནང་བའི། བཀའ་ཤོག་ཕྱག་བྲིས་སྩལ་བ་ལྟར་བསྙེན་རྫོགས་འཕྲལ་དུ་བསྒྲུབས། ཚེས་བཅོ་ལྔར་ཆུ་བོ་རི་ར་མཆོག་གི་སྤྲུལ་པའི་སྐུ་ངག་དབང་བློ་གསལ་ཉི་ཟླ་འོད་འབར་ཞིང་ཁམས་འཕོ་ཚུལ་བསྟན་པའི་ཐ་མའི་གསུང་བདག་ལ་སྐུའི་རྗེས་ཀྱི་བྱ་བ་སྒྲུབས་ཤིག་པའི་བཀའ་བྱུང་ཚུལ་བཞིན་གཟིམས་ཕྱག་ནས་ཕྱག་བྲིས་ཞིབ་འཁོད་ཕེབ་པར་ཐུགས་ནང་དག་པར་མ་ཟད། ཐུགས་འཇོག་ཆེ་བ་བཅས་དེ་ཀའི་གནང་ཉིན་འཕྲལ་དུ་ཕྱིན་པའི་དེ་ནུབ་ཚོང་འདུས་སུ་བསྡད། དེ་ནས་སང་སྔ་བར་འོང༌། ར་བ་སྨད་དུ་སླེབས། གཉན་ཤར་ནང་སོ་བྱུང་བའི་སང་ཉིན་ནམ་སྲོད་ལ་སླེབས་པ་དགོས་ཞེས་གསང་བའི་ཁུལ་མཛད། སང་ཉི་དྲོས་ལ་ཐོན། གྲུ་ཁར་བློ་གསལ་ཡང་འབྱོར་བྱུང་བས་སླར་འཕྲོས་བྱུང་བསྟུན་ཤོག་བྱས། ངེད་བློ་ལྡན་གཉིས་བཅས་པས་ཡབ་ལའི་སྒང་དུ་ཉི་ནུབ་ལ་སླེབས། དགོན་ཆུང་དེར་ཇ་ཞིག་བཀོལ་ནས་ས་སྲིབས་པར་བསྡད། དེ་ནས་ཚེ་རིང་མཆོད་རྟེན་གྱི་རྩར་ཁ་ཏོན་རྣམས་བྱེད་ཀྱིན་བསྡད། དེ་ནས་ངག་དབང་དོན་གྲུབ་སྔོན་ལ་བཏང་ནས་ནམ་ཕྱེད་མ་ཟིན་ཙམ་ལ་སླེབས་པར་བྱས། ཤར་མར་གཟིམས་ཆུང་དུ་ཕྱིན། དེ་ནུབ་གཟིམས་ཕྱག་གཉིས་ཀྱིས་གཞན་དོན་གཤེགས་ཁའི་བསླབ་དོན་བསྙེལ་ཐོ་བཅས་ཞིབ་པར་གནང༌། སང་ཞོགས་གདུང་རིན་པོ་ཆེར་སྙན་ཤལ་ཕྱག་མཆོད་སོགས་ཕུལ། རེ་ཞིག་གསང་སྒོ་གནང་རྩིས་འདུག་