R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༩
[A:༥༥༩]པོ་ཞི་བ་ཨེ་མ་ཕྱི་གསལ་བྱེད་དང༌། ཤེལ་གྲོང་གསང་གླིང་ཨེ་མ་ཕྱི་ཀུན་བསྟན་སོགས་ལ་རྣལ་འབྱོར་མའི་བྱིན་རླབས་དང་ཁྲིད་སྨིན་པར་བྱས། སྣོན་གཞིས་ཁར་ཚེ་རྟ་སོགས་འབུལ་བ་ཕྱིན། སྟོན་སྒ་འདྲ་ཆུ་ཚན་ཕྱིན་པར་འཁོར་འཕྲལ་མལ་གྲོར་བཏེག །ལྐོག་ནས་ཆོས་མཛད་དོན་གྲུབ་ཕེབ་པ་དང༌། གཉུག་མར་གནས་པའི་གྲྭ་པ་ཉི་ཤུ་སྐོར་ལ། རང་གི་དབང་བསྐུར་བ་ཤ་སྟག་ཡིན་གཤིས་མཁའ་སྤྱོད་མའི་བྱིན་རླབས་སྔོན་དུ་འགྲོ་བའི་ཉམས་ཁྲིད་ཞལ་ཤེས་ཀྱིས་བརྒྱན་པ་ཞག་བཅོ་ལྔ་སྐོར་ལ་སྨིན་པར་ཕུལ་བས་ཕལ་ཆེར་ལ་གོ་བའང་དགའ་མོ་བྱུང་སོང༌། གུར་ལྷ་བརྒྱད། སེང་ལྡེང་ནགས་སྒྲོལ་སོགས་ཀྱི་རྗེས་གནང་དང༌། ཆོས་ཁྲི་ཐང་དུ་ཉི་མ་གཉིས་བརྒྱུད་མར་ཁྲོམ་ཆེ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བསྐུར། ཟླ་བ་གཉིས་ལ་ཉེ་བར་བསྡད། མར་ལམ་རྒྱ་མ་རིན་ཆེན་སྒང་དུ་ཕྱིན། ཞག་གཉིས་བསྡད་པའི་སྒྲུབ་རྙིང་བླ་བྲང་དུ་གྲྭ་པ་རྣམས་ལ་གནོད་སྦྱིན་བེག་ཙེ་འཁོར་མང་གི་རྗེས་གནང༌། རྒྱ་མ་སྐུ་སྐྱེ་ལགས་སོགས་གྲངས་གཅད་ལ་མཁའ་སྤྱོད་མའི་བྱིན་རླབས་བྱས། སྒྲུབ་གསར་བ་དང་གྲྭ་ཚང་བ་སོགས་ཀྱང་མང་བར་འཕྲད་པར་ཕེབ། བཀའ་བཅུ་ཀུན་དགའ་རབ་བརྟན་གྱི་ཤག་ཏུ་ཚེ་དབང་གྲུབ་རྒྱལ་ལུགས་སྐྱ་སེར་མང་བར་བྱས། དེ་ནས་གུང་ཐང་གཟིམས་ཤར་དུ་གནོད་སྦྱིན་བེག་ཙེའི་རྗེས་གནང་བྱས། ཞག་གཅིག་བསྡད། ལྷ་སར་ཞག་ལྔ་འགོར་ཞིང༌། ནང་རག་ཀླུ་དབང་ལགས། ར་མཐིལ། ལགས་འོར་སྟོད་པ་སོགས་ཀྱི་ནང་དུ་ཚེ་རྟ། མགོན་པོ་བར་ཆད་ཀུན་སེལ་རྣམས་དང༌། མཁྱེན་རབ་ལགས་ཅན་ལ་དེ་སྟེང་རྣལ་འབྱོར་མའི་བྱིན་རླབས་ཀྱང་བྱེད་