R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༠
[A:༥༦༠]དགོས་བྱུང༌། རྒྱལ་རྩེ་ལྕང་ལོ་ཅན་པའི་ནང་ཚེ་དབང་དང་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་རྒྱས་པར་བྱས། རང་གནས་སུ་འབྱོར། ཆུ་བོ་རི་ནས་གཟིམས་མལ་སྐུ་འདྲ་རིན་པོ་ཆེ་ཙན་འདམ་ལས་གྲུབ་པ་གཉིས་དང༌། དངུལ་གདུང་རིན་པོ་ཆེ་གྲུབ་པའི་གཟུངས་འབུལ་རབ་གནས་ལ་འོང་དགོས་ཚུལ་ཕེབ་པ་དང༌། གཟུངས་འབུལ་རུང་བ་དང༌། ཁྱད་པར་དངུལ་གདུང་རིན་པོ་ཆེ་ལ་དྲི་མེད་རྣམ་གཉིས་ཀྱི་སྲོག་ཤིང་འཛུགས་པའི་ཆོ་ག་སོགས་སླ་ཆོས་སུ་མ་སོང་བར་བྱས་པའི་ཕྱག་ལེན་གཙང་བར་བགྱིས། ཀྱེ་རྡོར་ཀྱི་ཆོ་གར་བརྟེན་པའི་རབ་གནས་ཉིན་གཉིས་མ་རྒྱས་པར། སྤྲུལ་སྐུ་མྱུར་དུ་ཕེབ་པ་དང་བསྟན་པ་རྒྱས་པའི་སྨོན་ལམ་དམིགས་སུ་ཕུག་པ་ཞུས། གཙུག་ཏོར་འབར་བ་དང༌། འཇམ་དཔལ་ནག་པོའི་རྗེས་གནང༌། ཚེ་དབང་སོགས་ཕུལ་ཞིང༌། ཡུལ་ཆོས་པའི་ཆོས་དྲུང་སྐུ་ལྟེམ་པའི་ལྕགས་ཟམ་རྩེར་ཕྱིན། ཞག་གཅིག་བསྡད། ཚེ་རྟའི་དབང་དང་བཀའ་བསྒོ་རྒྱས་པར་ཕུལ། རྩེ་ཤོད་ཐམས་ཅད་ནས་བསྙེན་བཀུར་ཟབ་རྒྱས་གནང༌། མར་ལམ་ཀོ་གཞུང་བྱས་རང་གནས་སུ་འབྱོར། སྡེ་པ་ལུམ་པ་ནས་ལུམ་པར་ཕེབ་པར་འོང་དགོས་ཚུལ་གནང་བ་ལྟར་ཕྱིན། ཞལ་ངོ་ཐམས་ཅད་ལ་ཚེ་དབང་བརྒྱ་རྩ། སྡེ་པ་ཁྲུས་ཕུ་ནས་ཡབ་སྲས་ལ་ཞལ་བསྙེན་དུས་ཀྱི་རྗེས་གནང་དགོས་པ་ལྷན་དུ་ཕུལ། དེ་ནས་དགུན་ཡར་ཀླུངས་སུ་བཏེག །ངོར་པའི་གྲྭ་པ་མང་མཁར་དུ་སྡོད་མི་དཔོན་སློབ། གྲོ་མོ་ལུང་པའི་རྟེན་གསུམ་ཐམས་ཅད་ལ་མཆོད་པ་དང༌། མང་ཇ་བཅས་འབྱོར་པར་མགོན་པོད་ཁ་སྐོང་པུསྟིའི་ལུང༌། གུར་ལྷ་བཅུ་གཉིས་མའི་རྗེས་གནང༌། དམར་པོ་སྐོར་གསུམ་གྱི་རྗེས་གནང་སོགས་བགྱིས།