[A:༤༦༠]སྤྲད། ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ར་བ་སྨད་གྲྭ་ཚང་དུ་ཕྱིན། གཟའ་ཚེས་ཀྱི་ཁྱད་དེ་ནུབ་ནས་སྐུ་རིམ་གྱི་ཚོགས་སུ་ཕྱིན་པས་ཆོས་སྤྱོད་གཞུང་བསྒྱུར་གྱི་མཚམས་རང་དུ་སླེབས་འདུག་པར་མཁན་ཆེན་ཀུན་དགའ་གསང་སྔགས་ཀྱི་ཞལ་ནས་ཁྱོད་ཀྱི་སྔ་སོར་ནས་སངས་རྒྱས་བསྟན་ཉི་མ་བཟུང་ཚར་འདུག་པས་རྟེན་འབྲེལ་ཁྱད་དོ་ནུབ་དེ་ཁ་རྒྱུག་ཕུལ་གནང་བྱུང་བས་སྐད་ཤུགས་ཆེན་པོས་རོང་སྟོན་གྱིས་མཛད་པའི་གཡག་སྟོན་གྱི་རྣམ་ཐར་བསྟོད་པ་སངས་རྒྱས་བསྟན་ཉི་མ་དགེ་སྐོས་ཀྱིས་ད་ཆོག་གསུངས་ཀྱང་མ་ཉན་པར་ཡོངས་རྫོགས་མཛད་བྱང་དང་བཅས་པ་བཏོན་པས་ཚོགས་པ་ཐམས་ཅད་བཞད་གད་ཐིག་གེ་བྱུང་སོང་བས་རྟེན་འབྲེལ་ལེགས་པོ་བྱུང་ཞེས་གནང་མི་མང་པོ་བྱུང་ཀྱང་རྟེན་འབྲེལ་ལེགས་ཉེས་ཇི་ལྟར་ཡང་ངེད་རང་སྟོད་བ་དེ་སོང་ངེ་བ་བྱུང༌། དེ་ནས་སྐུ་དྲིན་འཁོར་ཐབས་མེད་པའི་མཁན་ཆེན་ཀུན་དགའ་གསང་སྔགས་ཀྱིས་བརྩེ་བས་སྐྱོང་བའི་མགོ་ཚུགས། ཕ་རྒན་གྱིས་གྲྭ་ཚང་ལ་གྲལ་སྟོན་ལེགས་པོར་མཛད་སོང༌། གཞུང་ས་རབ་འབྱམས་པ་ཆོས་སྐྱོང་བཟང་པོས་གནས་ཀྱི་སློབ་དཔོན་མཛད། མཁན་ཆེན་ཉིད་ཀྱིས་ཉིན་མོ་ཆོས་རའི་རྩི་བཞག་ཐོག་སྲོད་ཐོ་རེངས་གཉིས་སུའང་གཟིམས་ཆུང་དུ་རྩི་ཤག་རེ་བཀའ་དྲིན་བསྐྱངས། གཟའ་ཚེས་ལེགས་པར་དགེ་ཚུལ་གྱི་སྡོམ་པ་སྩལ། ཤེས་རབ་ནི་ཨ་ཐོ་ཡོད་པས་ཁ་དོག་དཀར་དམར་བསྡུས་ཆུང་དང་བཅས་པར་ཟླ་གཅིག་ལས་སྡོད་མ་དགོས། དེ་ནས་རིམ་གྱིས་བསྡུས་པ་རྣམས་ལོ་ཕྱེད་གཉིས་ཙམ་ལ་དགའ་རབ་བྱུང་ཞིང༌། ས་སྤྲེལ་ར་བ་སྨད་པའི་དུས་མཆོད་གྲུབ་ནས་མཁན་ཆེན་ཀུན་དགའ་གསང་སྔགས་ཀྱིས་འཆད་ཉན་ཁུར་ཕོག་བྱེ་རྫིང་ཚོགས་སུ་ཐེགས། དེ་འཕྲོས་ཀྱི་བསྡུས་ར་དང་པོད་ཆེན་དྲུག་སོགས་མཁན་ཆེན་