[A:༤༦༡]ངག་དབང་དོན་གྲུབ་ཀྱི་དྲུང་དུ་ཚང་བར་ཞུས། གྲྭ་ཚང་གི་འཆད་ཉན་དུ་བསམ་ཡས་པ་དགེ་བའི་དབང་པོ་ཕེབ། སྒེར་དུ་ཆོས་ར་འཕེལ་བ་རང་ནི་བྱུང་མ་སོང་ཀྱང་གྲ་ཚོགས་ཤིན་ཏུ་ཆེ་བས་རྒྱུན་དུ་ཕྱེད་ཉིས་བརྒྱ་མ་ཆག་པར་བྱུང༌། རང་ལོ་བཅོ་བརྒྱད་པར་སྒྲིག་སྐྱུར་བྱས། བཅུ་དགུར་གླིང་བསྲེ་དང༌། ཉི་ཤུར་བཀའ་བཅུའི་མིང་བཏགས་བྱས། ཉེར་གཅིག་ལ་རྩེས་དོང་དུ་གྲྭ་བསྐོར་ལ་ཕྱིན། ཞོར་ལ་གདན་ས་མཐིལ་དང་ཡར་ཀླུངས་རྟེན་གསུམ་ཡང་རྒྱས་པར་མཇལ། ཉི་ཤུ་རྩ་གཉིས་ས་ཡོས་ལོ་ལ་གཙང་དུ་གྲྭ་བསྐོར་ལ་ཕྱིན་པས་ཡར་ལམ་རུ་མཚམས་ཁ་རེག་གི་ཤར་དབུས་སྨད་དུ་ཕ་རིག་འཛིན་ཆེན་པོ་དང་མཇལ། ལམ་དུ་སོང་གཤིས་ཞིབ་པར་མ་བྱུང་ཀྱང་ཤིན་ཏུ་དགྱེས་པའི་བཀའ་སྩལ་ལྷུག་པར་གནང་བས་མི་རིང་བར་བསྙེན་པར་རྫོགས་པའི་མཁན་པོར་གསོལ་བ་བཏབ་པ་ལྟར་དགྱེས་བཞིན་དུ་ཞལ་གྱིས་བཞེས། ཡར་ལམ་སྙེ་མོ་བརྒྱུད་ས་སྐྱའི་གྲྭ་བསྐོར་མ་ཚུགས་པར་འཇད་ཐུབ་བསྟན་ཡངས་པ་ཅན་དུ་མུས་ཆེན་བཀྲ་ཤིས་ལྷུན་གྲུབ་ཞབས་དྲུང་དུ་སློབ་བཤད་སྣང་གསུམ་རྫོགས་པ་དང༌། སྦྱོང་རྒྱུད་ཀྱི་བཤད་བཀའ་གུང་རུའི་ཟིན་བྲིས་དང་གཞན་ཕན་མཐའ་ཡས་སྦྱར་བའི་གསུང་བཤད། ཕྱག་རྒྱའི་འཆིང་ལུགས་སོགས་ཕྱག་ཁྲིད་ལུང་བཅས་དང༌། ཀྱེ་རྡོར་རྒྱུ་དབང༌། ཀུན་རིག་གི་དབང༌། ཚེ་དཔག་ལྷ་དགུའི་དབང༌། རྣམ་རྒྱལ་དང་རྣམ་འཇོམས་ཀྱི་རྗེས་གནང་ལུང་སོགས་མང་དུ་ཞུས། ཟླ་བ་ཕྱེད་གཉིས་བར་བསྡད། དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་དགུན་ཆོས་ཀྱི་ཐོག་བསྟན་པའི་རྣམ་གཞག་ས་བཅུ་གསུམ་ཙམ་བྱུང་ཞིང་བདག་ཆེན་ཡབ་སྲས་ཀྱི་ཞབས་དྲུང་ནས་བདག་རྐྱེན་ལ་སོགས་པ་