R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༥༩
[A:༤༥༩]གྲུབ་ཀྱིས་མཛད་པའི་ཚེ་དཔག་མེད་ལྷ་དགུའི་ཆོ་ག་འཛུགས་ཁྲིད་སློབ་དཔོན་དང་ལྷན་ཅིག་ཏུ་ཟླ་བ་གཅིག་གི་བར་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་ཉིན་རེ་བཞིན་ཆོ་ག་ཚར་གསུམ་རེ་བློ་ཐོག་ནས་བཏང༌། དེ་ནས་རང་ལོ་བཅུར་སླེབས་དུས་ཞང་པོ་དང་སློབ་དཔོན་གཉིས་ཆར་ནས་ཀྱེ་རྡོ་རྗེ་ཞག་བཅུ་གཅིག་ལ་འགྲིལ་བ་བྱུང་ན་ཚར་ཁ་སྟེར་གསུང་བར་བརྟེན། མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་མངོན་རྟོགས་བྱ་བྲལ་མ། དབང་ཆུ་གསལ་བའི་མེ་ལོང་མུས་ཆེན་ནམ་མཁའ་དབང་ཕྱུག་གིས་མཛད་པའི་ལྷན་ཐབས། བསྟོད་པ་ཉི་ཤུ་པ་དང་དཎྜ་ཀ་གཉིས། གཏོར་ཆོག་དགྲ་ལས་རྣམ་རྒྱལ་བཀྲ་ཤིས་མཚུངས་མེད་མའི་བར་བདེ་ཐོགས་མེད་པར་ཤེས་རབ་ཀྱི་སྟབས་ཞག་བཅུ་གཅིག་སོང་ཐོག་རྒྱུག་ཕུལ་བས་ཤིན་ཏུ་མཉེས། ཞང་པོ་ལགས་ཀྱིས་རྗེ་ས་ཆེན་གྱི་བྲིས་སྐུ་བྱིན་ཅན་ཞིག་དང༌། སློབ་དཔོན་གྱིས་དཔེ་ཆ་ཚང་བ་གནང་ནས། ཧའུ་ཨ། ཤེས་རབ་ལ་ཨ་གསུངས་དགྱེས་ཚོར་ཆེན་པོར་མཛད། དེ་ནས་རིམ་བཞིན་ཀྱེ་རྡོ་རྗེའི་ཀུན་ཏུ་དགོས་པའི་གཞུང་བདུན། རྣམ་འགྲེལ་གྱི་རྩ་བ། རིགས་གཏེར། སྡོམ་གསུམ་བཅས་ལོ་བཅུ་གསུམ་ཚུན་ལ་བློ་ལ་བྱང་བར་བྱས། མེ་རྟ་ཤར་ནས་རང་ལོ་བཅུ་གསུམ་གྱི་སྟེང་སྟག་ཚང་ར་བ་སྨད་དུ་མཚན་ཉིད་ཀྱི་སློབ་གཉེར་ལ་འགྲོ་བའི་སྒོ་དོད་ཡང༌། ཞང་པོ་ནས་འདི་ཁའི་ཚོགས་འདོན་ཡིན་པས་མཁའ་འགྲོ་རྒྱ་མཚོ་རྒྱུག་མ་སྤྲད་པར་ཕྱིན་ན་མི་འོང་གསུང༌། བླ་བྲང་དུ་དཔེ་མཚམས་བྱས་ནས་ནུབ་སོ་བྱས་པས་ཞག་ཉི་ཤུ་རྩ་ལྔའི་ཁོངས་སུ་ངོར་ཆེན་གྱིས་མཛད་པའི་མངོན་རྟོགས་དཀྱིལ་ཆོག །མཆོད་ཕྲེང༌། གུང་རུས་མཛད་པའི་དཀྱིལ་འཁོར་གྱི་བསྟོད་པ་འདུལ་འཛིན་མ་དང་བཅས་པ་གཙང་སིང་རྒྱུག་