R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༢
[A:༥༦༢]བསྐུར་བ་སྟ་གོན་ཐེ་བའི་ཞག་བཅོ་བརྒྱད་ཀྱི་བར་དུ་དཀྱིལ་འཁོར་ཞེ་ལྔའི་དབང་ཡོངས་སུ་རྫོགས་པ་ཕྱག་ལེན་ཕྲ་རགས་ཚུན་སླ་ཆོས་སུ་མ་སོང་བའི་བཤད་པ་རྒྱས་པར་ཕུལ། འདི་ཡན་ལ་ཕྲེང་བ་ཚར་བཞི་སོང་ཞིང༌། འདི་ཁྲོད་ནས་དྭགས་པོ་དཔོན་སློབ་ངག་དབང་དོན་གྲུབ་ཀྱིས་འདུས་པ་མང་རབ་ལ་ཚར་གཉིས་གནང་ཐུབ་སོང་པས་བསྟན་རྒྱུན་ལ་ཕན་པར་བྱུང༌། དེ་དག་གི་སྔ་ཕྱི་ཐམས་ཅད་དུ་རྣམ་སྲས་ཀྱི་རྗེས་གནང་བཅོ་ལྔ། སྒྲོལ་མ་དཀར་སྔོན་སོགས་རྗེས་གནང་ཟུར་བཀའ་རིགས་ཀྱང་ཤིན་ཏུ་མང་བར་བགྱིས། འདི་དག་གི་སྔ་ཕྱི་ཐམས་ཅད་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་དང༌། དབོན་རིན་པོ་ཆེ་སོགས་ལ་བཀའ་གདམས་གཞུང་དྲུག །དཔག་བསམ་འཁྲི་ཤིང༌། ཇོ་བོའི་ལམ་ཡིག་ལྷ་ཁང་མ་སོགས་གསུམ། རྒྱུད་བཞི་དགེ་སློང་ལགས་སྒེར་དུ་དཔེ་ཆོས་དང༌། གཏམ་བརྒྱུད་རིན་སྤུངས་གཉིས། སྤྱོད་བསྡུས་སྒྲོན་མེ། ཐམས་ཅད་ལ་ལྷན་དུ་འཁྲུངས་རབས་བརྒྱ་ཉེར་ལྔ་པ། མཛད་པ་འཁྲུལ་མེད་མེ་ཏོག་ཕྲེང་བརྒྱུད། མདོ་རྩ་སོ་ཐར་མདོ་སུམ་བརྒྱ་པ་ཀ་རི་ཀ་ལྔ་བཅུ་པ། ཆོས་འབྱུང་བརྒྱ་རྩ། མན་ངག་བརྒྱ་རྩ་སོགས་ལུང་མང་དུ་ཕུལ། གཟིམས་ཆུང་དུ་གྲྭ་ཚང་གི་གྲྭ་པ་གཉིས་ལ་མཁའ་སྤྱོད་མའི་ཁྲིད་ཁ་ཐིག་ཚང་བར་ཕུལ། རྡོར་ཕྲེང་གྲོལ་ནས་ཇོ་བོ་ལུགས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་དང༌། གྲོལ་དབང་དུ་བླ་གཡེལ་མཐིལ་དུ་ཁྲོམ་ཤིན་ཏུ་ཆེ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བྱས་ནས་རིས་སུ་མ་ཆད་པའི་སྐྱ་སེར་རྣམས་སོ་སོར་གྱེས། དེ་མཇུག་ཇོ་བསྟན་ཚོགས་པ་བདུན། དར་གླིང་པ་གཅིག །ལེན་མཁར་དཔོན་