R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༦༤
[A:༥༦༤]གསུམ་གྱི་རྗེས་གནང༌། དམག་ཟོར་མའི་རྗེས་གནང་ཐུན་མོང་མ་ཡིན་པ། ཆོས་རྒྱལ་ལྷ་བཅུ་གསུམ་མའི་རྗེས་གནང་བཅས་ཕུལ་བས་ཐམས་ཅད་དགྱེས་པ་རབ་ཀྱི་རྩེར་སོན། སྔ་ཕྱི་ཐམས་ཅད་དུ་དབོན་རིན་པོ་ཆེ་ཡོད། འདི་ལོ་ཕ་བླ་མ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུ་མཆོད་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅོ་ལྔ་ལ་དུས་ཇ་ཆག་མེད་ཐེབས་དང༌། བརྒྱ་མཆོད་ཀྱི་ཐེབས་བཅས་པར་ནས་སྤུངས་འཕྱར་མ་ལྕགས་འབོ་ཆེན་མོའི་ཁལ་བརྒྱ་ཐམ་པ་ཕུལ། ཆོག་མང་གི་སྦྱིན་སྲེག་སྒྲུབ་མཆོད་སོགས་བྲེལ་བ་གྲུབ་ནས་ཚེས་བརྒྱད་ལ་ཆོས་སྡེ་ནས་ཐོན། ཡར་ལམ་གྲྭ་ནང་བྱམས་གླིང་ནམ་མཛོད་སྒྲུབ་སྡེ་བ་རྣམས་ཀྱིས་འོང་དགོས་ཚུལ་ནན་ཆེ་བར་བརྟེན་སྒྲུབ་སྡེར་ཞག་བཞི་བསྡད། དེ་བར་དུ་ཀྱེ་རྡོ་རྗེའི་རྒྱུ་ལམ་གཉིས། ཀུན་རིག །ཚེ་དཔག་མེད་ལྷ་དགུ་རྣམས་ཀྱི་དབང༌། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་བཅས་སྒྲུབ་སྡེ་པ་རྣམས་ཀྱི་སྟེང་དུ་བྱེ་རྫིང་ཚོགས་པ་བཅོ་བརྒྱད། གྲྭ་ཐང་པ་ལྔ་བཅས་ལ་གྲངས་བཅད་དུ་བསྐུར། རྣམ་འཇོམས། སྨེ་བརྩེགས་དུད་ཀ །སེང་ལྡེང་ནགས་སྒྲོལ། གུར་ལྷ་བརྒྱད་ཀྱི་རྗེས་གནང༌། མཇུག་ཏུ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་རྣམས་བྱས། མར་ལམ་གྲྭ་ཐང་གི་ཐད་དུ་རྒྱལ་པོ་དང༌། བླ་བྲང་ནས་ཇ་འདྲེན་བྱུང༌། དེ་ནུབ་ལྷ་རྩེར་བསྡད། སང་ཉིན་རྡོར་བྲག་གི་བང་ཕྱིན་གནང་བ་ལྟར་ཕྱིན། སང་ཉིན་སྒེར་པ་རྗེ་དྲུང་རིན་པོ་ཆེ་བློ་གསལ་འཇམ་དབྱངས་ཕུན་ཚོགས། ཤ་གཟུགས་སྐུ་འབྲིང༌། གྲུབ་པ་དགོན་སྐུ་སྐྱེ་སོགས་སྒྲུབ་གྲྭ་དྲུག་ལ་དུས་ཆེན་སུམ་འཛོམ་ཐོག་བསྙེན་རྫོགས་གནང་བའི་ལས་སློབ་ཞུས། ཚེས་བཅུ་དྲུག་ལ་རང་གནས་སུ་འབྱོར། བློ་