[A:༥༦༥]ལྡན་གྱིས་གསང་ཕུའི་ལོ་དུས་ཀྱི་མང་ཇ་ཞུ་བར་ཕྱིན། དེ་ནས་སྣོན་དུ་ཚེ་རྟ་སོགས་འབུལ་བར་ཕྱིན་ནས་འཁོར་འཕྲལ་ལྕགས་ཟམ་རྩེར་མཆོད་རྟེན་ཞིག་གསོས་གསར་བཞེངས་གནང་བར་རབ་གནས་དང༌། ཕྱག་གཟིམས་གྲྭ་པ་བཅས་པར་ཚེ་དབང་ཕུལ། གཞན་ཡང་རྣམ་རྒྱལ་ལྷ་དགུ །སེང་གེ་སྒྲ། སེང་ལྡེང་ནགས་སྒྲོལ། གཙུག་ཏོར་འབར་བའི་རྗེས་གནང་རྣམས་སུ་ཞག་དྲུག་འགོར། ཆུ་བོ་རིའི་རྩེར་མཆོད་རྟེན་ལ་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཉིན་གང་མ་རྒྱས་པར་བྱས། དེ་ཞོར་གྲུབ་ཐོབ་ཆེན་པོའི་གཟིམས་སྤྱིལ་སྒོར་མོའི་ཞིག་གསོས་གནང་བར་མེ་ཏོག་འཐོར། གཟིམས་སྤྱིལ་ནང་དུ་འཆི་མེད་དཔལ་སྟེར་གྱི་མངོན་རྟོགས་ཚར་གཅིག་བཟླས་པ་དང་བཅས་པ་བགྱིས་པས་རྟེན་འབྲེལ་གྱི་ལྟས་ལེགས་པར་བྱུང༌། དེ་ནས་རང་གནས་སུ་འཁོར་བས་ད་ལྟའི་སྤུ་བྲག་བླ་མ་སེ་ར་སྡེ་པ་ལེགས་པ་དོན་གྲུབ་ཕེབ་པར་འཁོར་ལོ་བདེ་མཆོག་ནག་པོ་པའི་དབང་སྔོན་དུ་འགྲོ་བས་ནཱ་རོ་མཁའ་སྤྱོད་མའི་ཁྲིད་དང༌། རྗེ་བཙུན་རིག་བྱེད་མའི་ཆོས་སྐོར་བཅས་ཆོས་བཀའ་མང་བར་ཕུལ། སྟོན་མཇུག་མལ་གྲོལ་ཕྱིན། འདི་ལོ་རྗེས་གནང་ཕྲན་བུ་དང༌། ཆོས་ཁྲི་ཐང་དུ་ཚེ་དབང་ཉི་མ་གཉིས་ཀྱི་བར་དུ་བྱས། མར་ལམ་ལྷ་སར་འོང༌། སྡེ་པ་ལུམ་པ་ནས་སྡེ་པ་བཀའ་བློན་བུ་ཆུང་ལགས་བཅས་པར་ཚེ་རྟ་བརྒྱ་ཚར་དང༌། མཐོང་གསལ་དང་ནང་རག་པའི་ཀླུ་དབང་ལགས་གཤེགས་པའི་ཕྱི་རྟེན་རྣལ་འབྱོར་མའི་བརྒྱ་ཐང་ལ་རབ་གནས་སོགས་བགྱིས་ནས་བསྣོལ་དུ་མར་ཞོར་ཞལ་ངོ་ཚོར་ཚེ་རྟ་བརྒྱ་རྩ་སོགས་ཕུལ་ནས་རང་གནས་སུ་སླེབས། དེ་ནས་ཡར་ཀླུངས་སུ་ཕྱིན་པའི་བཅུ་བཞི་མཆོད་པ། གཏོར་ཟློག །སྐུ་