[A:༥༦༦]མཆོད་ཆེན་མོ་རྣམས་ཀྱི་རྡོར་སློབ་ལ་སྔར་རྒྱུན་ལྟར་ཕྱིན། ཆོག་མང་སྦྱིན་སྲེག་སྔར་རྒྱུན་ལྟར་བགྱིས། ཞལ་རས་ལྷ་ཁང་དུ་ཉིན་བསྟར་མཁའ་འགྲོ་རྒྱ་མཚོའི་མངོན་རྟོགས་དཀྱིལ་ཆོག་སོགས་ཀྱི་ལུང་བཀླགས། ཉེར་བདུན་གྱི་ཉིན་གུང་ཡོལ་ལ་གཙུག་ལག་ཁང་གི་སྟེང་དུ་བྱད་ཀའི་རྣམ་པར་ཐོག་བབས་པས། དེ་ནུབ་ནས་གྲྭ་ཁག་གཅིག་བླ་མ་ལྷ་ཁང་དུ་གདུགས་དཀར་གྱི་མདོས། རྡོ་རྗེ་སློབ་དཔོན་སོགས་ཉི་ཤུ་སྐོར་གྱིས་འདུ་ཁང་དུ་ཁྲོ་བཅུའི་གཏོར་ཟློག །ངེད་རང་གིས་མཁན་ཆེན་གྱི་གཟིམས་ཆུང་མགོན་ཁང་དུ་ཟློག་འཁོར་སྒྲུབ་པ་རྣམས་བདུན་གཅིག་གི་བར་བགྱིས་ནས་གྲོལ་མཉམ་གྱིས་མདོས་གཏོར་འཕེན་པ་དང་ཟློག་འཁོར་འཛུགས་པ་དུས་གཅིག་ཏུ་བགྱིས་པས་བར་ཆད་ཞི་བའི་རྟགས་ཀྱང་ལེགས་པར་བྱུང༌། དེ་ནས་ཡར་འཁོར། འདི་ལོ་དབྱར་མལ་གྲོར་ཕྱིན། འཆད་ཀ་སྤུན་སྔ། ར་བ་སྨད་དཔོན་སློབ་བློ་གསལ་བསྟན་འཛིན། ཚུར་ཁང་བླ་མ་ཚུལ་ཁྲིམས་ཕུན་ཚོགས། རྒྱ་བ་བཞི། རྣམ་སེར་རབ་འབྱམས་ཚུལ་ཁྲིམས་ཅན་བཞི། འཆད་ཀ་རང་གི་གྲྭ་པ་ཕལ་ཆེར་བཅས་བརྒྱ་སྐོར་ལ་ཉེ་བར། ལམ་འབྲས་སློབ་བཤད་ཤིན་དུ་སྨིན་པ། སྨིན་བྱེད་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་བགྱིས་ཤིང་སློབ་བཤད་པའི་ཕྱག་ལེན་འཁྲུལ་མེད་ཟླ་བ་གསུམ་ལ་ཉེ་བའི་བར་ལུང་དང་བཅས་ཆ་ཚང་དང༌། སྨན་བླ་མཐོ་བརྩེགས། གནས་བཅུའི་རྗེས་གནང་སོགས་ཉིན་རེ་བཞིན་སྔ་ཆོས་ལ་རྗེས་གནང་རེ་མ་ཆག་པར་བགྱིས། གཞན་ཀུན་རིག་གི་དབང་སོགས་ཀྱང་སོ་སོའི་འདོད་པ་ལྟར་ཆག་མེད་བགྱིས། འབྲོག་ལུགས་ཀྱི་ཚོགས་འཁོར་སྟོན་མོ་ཡང་ཡང་ཟབ་པར་བྱུང་ཞིང༌། རྙེད་པའང་ཕུན་སུམ་ཚོགས་པར་བྱུང༌། ཆོས་ཁྲི་ཐང་དུ་སྐྱ་སེར་གྱི་ཁྲོམ་ཤིན་ཏུ་ཆེ་