[A:༥༦༧]བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྒྱས་པར་བྱས། འདི་ལོ་བཀྲ་ཤིས་ཆོས་སྡེར། འཇམ་མགོན་ས་སྐྱ་པཎྜི་ཏས། མི་གང་དྲིན་དུ་མི་བཟོ་བ། །དེ་ནི་སྐྱེས་བུ་ཐ་ཤལ་ཡིན། །ཞེས་གསུངས་པ་ལྟར་གྲྭ་པ་རྣམས་ལ་ཇུས་ཁག་གང་ཡང་མེད་ཀྱང༌། ཁྲེལ་དང་དམ་ཚིག་ལ་ཅིའང་མི་སེམས་པའི་གྲྭ་རྒན་འཇུངས་མེད་རེ་གཉིས་ཀྱིས་ཞབས་དྲུང་ཨོ་སྒྲོན་སོགས་བསླད་པས་ངེད་དེ་གར་བསྡད་ན་རང་ལ་ཅང་མི་འོང་བསམས་ནས། དཱ་བྱིན་ལ་མགོ་བཏགས་པའི་རྨེ་རུ་ཨ་མཆོད་བོས་ནས་དཔེ་མེད་མེད་ཀྱི་ཁས་དྲག་བྱེད་རྩིས་ཀྱི་གཞི་བཏིང་ཀྱང༌། འཇམ་མགོན་བླ་མས། ལྕགས་ཀྱི་ཐོ་བས་ལྕགས་རྣམས་འཇོམས་ཤིང་བརྡུང༌། ར་ལས་བྱས་པའི་འུར་རྡོ་རང་ལ་གནོད། །ཅེས་གསུངས་པ་ལྟར། དབོན་རིན་པོ་ཆེའང་ཆབ་གསང་ལ་དགོངས་པ་ཞུ་དགོས་པ་དང༌། གྲྭ་པ་རྣམས་ཀྱང་བྱི་བ་རྫ་མར་ཚུད་པ་ལྟ་བུར་གྱུར་པའི་སྐད་ཆ་སྐྱེལ་བར་མཁྱེན་བརྩེ་ཉི་མ་ཅན་གཉིས་བྱུང་བར། ངེད་རང་ནི་ཇོ་བོ་ཆེན་པོས། གང་ལ་གནོད་པ་ཡོད་པའི་ས་ཕྱོགས་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་དགའ། །ཞེས་གསུངས་པ་ལྟར་ཤིན་ཏུ་ལེགས་པས་ཁོ་པ་གང་འདོད་བྱེད་ཆུག་ཅེས་སྨྲས་ཤིང༌། བློ་གསལ་ལའང་དེ་ཁའི་ཡི་གེ་བསྐུར་བ་ཡིན་ཀྱང༌། ལམ་འབྲས་གྲོལ་བསྟུན་དུ་ཆུ་ཚན་ལ་སླེབས་ཐོག་རྡོར་བྲག་ནས་ཆབ་ནག་རི་བོ་དགའ་ལྡན་པའི་མཁན་པོ་རྒྱལ་སྐོར་དཔོན་སློབ་བསྙེན་རྫོགས་ལ་ཕེབ་པས་ལས་སློབ་ཏུ་འཕྲལ་རང་དུ་འོང་དགོས་ཚུལ་ཕེབ་ལམ་ཤད་ནས་འོང༌། རྡོར་བྲག་ཏུའང་ལས་གྲྭར་གྱི་སློབ་དཔོན་ཞུས་སྐབས་རྒྱུ་མཚན་གསོལ་བར་བླ་མའི་གདན་ས་ཉམས་འགྲོ་བ་འདུག་