R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༠
[A:༥༧༠]པར་བསྒྲུབས། དེ་འཁོར་འཕྲལ་གྲྭ་ཕྱི་ཚོང་འདུས་ཚོགས་སུ་གཙང་ཁང་གི་ཐོག་ཏུ་དབུ་མཛད་ཀུན་ལྡན་དང༌། མ་ཆེན་རྒྱལ་མཚན་བཟང་པོ་ཅན་གྱིས་ཁུར་འཁུར་བའི་གསེར་ཟངས་ཀྱི་གཉྫི་ར་ཆེ་བར་བཞེངས་པའི་གཟུངས་རབ་གནས་ལ་འོང་དགོས་ཚུལ་ལྟར་ཕྱིན། གཟུངས་སོགས་རུང་བར་ཕུལ་ཞིང༌། མཁན་པོ་བཀྲ་ཤིས་དཔལ་ལྡན་ཚོགས་པ་དང་བཅས་ངེད་རང་གིས་རྡོ་རྗེ་སློབ་དཔོན་བགྱིས་པའི་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་རྒྱས་པ་གཙུག་ལག་ཁང་གི་སྟེང་དུ་གུར་ཕུབ་ནས་བགྱིས། རབ་སྟོན་དང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱུང༌། ཡར་ལམ་གྲྭ་ཐང་དུ་དྲུང་ལགས་གཤེགས་པའི་གསལ་འདེབས་དབང་བསྐུར་ལ་ཕྱིན། མཁན་རིན་པོ་ཆེ་གྲྭ་པ་བརྒྱ་ཙམ་དང་བཅས་ལྷན་དུ་ཀུན་རིག་གི་ཆོ་ག་ལྷོ་སྒོ་དང་འབྲེལ་བ་དང་གསལ་འདེབས་དབང་བསྐུར་གང་རྒྱས་བྱས་ནས་གྲའི་ལྕེ་བདེའི་ཕུའི་ཀྲེ་བའི་ནང་དུ་ཚེ་རྟའི་དབང་བྱས། ཞག་གཅིག་བསྡད་ནས་མར་ཞོར་རྒྱལ་གླིང་ཚོགས་སུ་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཀྱི་ཤག་ཏུ་བོས་ནས་གུང་ཚིགས་བྱས། གྲྭ་པ་ཇ་རྒྱུག་བྱེད་མི་མང་བར་བྱུང༌། དེ་ནུབ་ལྷ་རྩེར་བསྡད་ནས་རང་གནས་སུ་འབྱོར། ཟླ་བ་ལྔ་པ་ནས་གླིང་སྨད་ཞབས་དྲུང་ཀུན་དགའ་འབྱུང་གནས། རྣམ་སེར་དྲུང་ཆེན་ངག་དབང་དངོས་གྲུབ། ར་བ་སྨད་པ་དཔོན་སློབ་བློ་གསལ་བསྟན་འཛིན། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས། ཆོས་འཁོར་གནས་རབ་འབྱམས་པ་ཀུན་དགའ་བསམ་གཏན་ཅན་གསུམ། རྒྱ་མ་སྐུ་སྐྱེ་ལགས་སོགས་གསུམ། ཤིང་མང་བ་བཀའ་བཅུ་ཀུན་དགའ་བསམ་འགྲུབ། བསམ་ཡས་རབ་བྱུང་པ་མཐུ་སྟོབས་རྒྱ་མཚོ་ལགས་སོགས་དྲུག །རྣམ་སེར་རབ་འབྱམས་པ་ཚུལ་ཁྲིམས་དང༌། དབུ་མཛད་