[A:༥༦༩]ཅད་བློ་མལ་དུ་ཚུད་པར་གྱུར། ཆོས་སྡེ་ནས་སེར་སྦྲེང་མཛད། དེར་ཆོག་མང་བར་བསྡད། དེ་དུས་རྗེ་དྲུང་ལོ་ཙཱ་བ་རྨོར་དུ་འབྱོར་བས་དགེ་སློང་ཆོས་འབྱོར་བང་ཕྱིན་ལ་འབྱོར་བ་ལྟར་འོང༌། ཆོས་འཁོར་གནས་པ་རབ་འབྱམས་པ་ཀུན་དགའ་བསམ་གཏན་སོགས་གཅིག་གཉིས་དང༌། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱང་ཡོད། རྗེ་དྲུང་ལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་དུ། སྨིན་བྱེད་སྔོན་དུ་འགྲོ་བའི་སྒོ་ནས། ཞལ་སྒྲུབ་དུས། བསྙེན་དུས། ལས་སྤོར་སོགས་དང༌། ཁྱད་པར་གསང་སྒྲུབ་ཀྱི་རྗེས་གནང་སྔོན་དུ་འགྲོ་བས། དཔལ་མགོན་ཆེན་པོའི་ཚེ་ཁྲིད་གུར་ཁང་མ་དང༌། གསང་ཁྲིད་ཤིན་ཏུ་སྨིན་པ་སོགས་མང་བར་བྱས། གོས་ཆེན། རྒྱ་སྦུགས། ཏིང་བདུན་ཚར་སོགས་ཆོས་ཡོན་མང་བར་བྱུང༌། འདི་ལོ་ས་ག་ཟླ་བའི་ཉེར་གཉིས་རྣལ་འབྱོར་དབང་ཕྱུག་གི་རྟོགས་པ་བརྙེས་པའི་དུས་ནས་འཆི་མེད་བདུད་རྩི་རིལ་བུའི་སྒྲུབ་པ་རྗེ་བླ་མའི་ཕྱག་ལེན་འཁྲུལ་མེད་ལྟར་རུང་བར་བགྱིས། འདིའི་སྨན་གྱི་སྦྱིན་བདག་སྡེ་པ་ཟུར་ཁང་པ། བློ་མཁར་ནས། རམ་པ་ཁང་གསར་བ། འོར་སྟོད་པ། ཨ་ལག་དཔལ་སྒྲོན། ལྐོག་ནས་ཆོས་མཛད་དོན་གྲུབ་རྣམས་ཀྱིས་མཛད་པའི་གེགས་མེད་དུ་བསྒྲུབས། སྦྱིན་བདག་སོ་སོར་སྐུ་སྐལ་ཀྱང་རྒྱས་པར་ཕུལ། ཤེལ་གྲོང་གསང་སྔགས་གླིང་དགོན་པར་ཨེམ་ཆི་ཀུན་དགའ་བསྟན་འཕེལ་གྱི་ལམ་འབྲས་གཙོ་བསྡུས་ཀྱི་སྐུ་བརྙན་བཞེངས་པར་གཟུངས་འབུལ་རབ་གནས་ལ་ཕྱིན། གཟུངས་རུང་བར་ཕུལ་ཞིང༌། ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཉིན་གང་མ། ཞི་བའི་སྦྱིན་སྲེག་དང་བཅས་རྒྱས་