R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༡
[A:༥༧༡]ངག་དབང་དར་རྒྱས། བྱེ་རྫིང་ཚོགས་པ་ཀུན་བཟང་རྡོ་རྗེ་དང༌། དགེ་སློང་བསྟན་པ། ཞི་བ་དགེ་སློང་རྣམ་རྒྱལ། ངག་དབང་ཕུན་ཚོགས་སོགས་ལྔ། གཉུག་མར་གནས་པ་ཡོངས་རྫོགས། སྙེ་ཐང་བྲག་སྣ་བ་ཁ་ཤས། སྒྲུབ་སྡེ་པ་བདུན། ར་བ་སྨད་པ་གསུམ་བཅས་ཁྱོན་བདུན་ཅུ་རྩ་འདྲེན་སྐོར་ལ་གསུང་ངག་སློབ་བཤད་ཤིན་ཏུ་སྨིན་པ་སོ་སོའི་བྱིན་རླབས་སྨིན་བྱེད་ཐད་སོར་སྦྱར་བ་རྣལ་འབྱོར་མའི་ཤར་ཁྲིད་བྱིན་རླབས་བཅས་ཕུལ། དགེ་སློང་ཚུལ་རྒྱ་མ་ལགས་ཀྱིས་སིལ་སྙན་ལེགས་པ་སོགས་སོ་སོ་ནས་ཆོས་ཡོན་རྒྱས་པར་བྱུང༌། དེ་ཀའི་ཟླ་བ་དྲུག་པའི་མཇུག་ནས་མི་བདེ་བའི་མགོ་ཚུགས་དཔུང་འདེགས་ཀྱི་བརྡ་འགྲིམས་སོགས་ཟིང་ལོང་ཤིན་ཏུ་ཆེ་བའི་ངང་ནས་སྦྱོང་མཁར་བ་ཟླ་བ་བཅུ་པའི་ནང་དུ་ལྷ་སར་འབྱོར། བཅུ་གཅིག་པའི་ཚེས་གཅིག་ལ་པོ་ཊ་ལ་དང༌། གཉིས་ལ་ལྷ་ས་རྩིས་བླངས། རྒྱལ་པོ་བཀྲོངས། ཁོ་པ་ཚོས་ཁྲོམ་གཟིགས་ཁང་བཟུང༌། དེ་ནས་སོ་སོའི་ལྷ་སྡེ་མི་སྡེ་ཐམས་ཅད་འཕྲལ་དུ་མཇལ་ཁར་འོང་དགོས་པའི་བརྡ་འགྲིམས་བྱུང་བ་ལྟར་རེ་ཞིག་མཇལ་ཁར་བློ་གསལ་དགེ་སློང་ལགས་བཅས་ཕེབ་པར་གང་ཡིན་མེད་པའི་རྒྱ་མཚོར་རྡོ་བསྐྱུར་ལྟ་བུ་འདུག་ཟེར་བས་རེ་ཞིག་མ་ཕྱིན། བཅུ་གཅིག་པའི་ཉི་ཤུ་གསུམ་ལ་ངེད་རང་དགེ་སློང་བློ་ལྡན་བཅས་ཀྱི་དཔོན་ཁག་ལྔ་སོ་སོར་མཇལ། སྔ་སོར་རྒྱལ་པོའི་དུས་གྲྭ་ཚང་ཁག་རྙིང་གྲྭ་བཅས་ལ་ལས་སྦྱོར་ཚ་དྲག་དགོས་པའི་བཀའ་ཤོག་བཀྲམ། བསྡེ་བས་སུ་བཀྲ་ཤིས་ཆོས་སྡེར་ཡང་ཚ་ནན་གྱི་བཀའ་ཤོག་བྱུང་བར་རང་རེར་དེ་འདྲའི་ལག་ལེན་མེད་པར་མ་ཟད། ཤེས་ཀྱང་མི་འགབ་པས་བཀའ་