[A:༥༧༢]འགྱུར་དང་བསྐང་གསོ་སོགས་བྱས་པ་འགབ་ཅེས་རྨོར་ནས་ཡི་གེ་བསྐུར་བ་བཀའ་ཤོག་རྣམས་རྩད་གཅོད་དམ་པར་འདུག་གཤིས་སྔོན་རྒྱུ་མཚན་བཏང་ན་དགའ་བསམ་སོ་སོར་རྒྱུ་མཚན་བྱས་པར་གང་ཡང་མི་འོང༌། ད་ནས་དེ་འདྲའི་རིགས་མ་བྱེད་ཙམ་ལས་ལེགས་ཉེས་མ་བྱུང༌། བཀའ་ཤོག་ཏུ་ཆོས་འཕེལ་དམིགས་བསལ་ཡོད་སྟབས་ཆོས་འཕེལ་ནས་བཀའ་ཤོག་ངོ་བོ་དང་མི་དོ་ཆོད་འོང་དགོས་ཚུལ་བྱུང་བར་འཕྲལ་དུ་བཏང་བའི་གེ་རེ་ཆོས་མཛད་ལགས་གཉེར་པར་སོང་གཤིས་ཕེབ་བྱུང༌། སྐོར་ཡང་མང་དུ་བྱས་མཐར་ཚེས་བཅུའི་ཞོགས་པ་ངེད་རང་སོག་པོར་རྩིས་སྤྲད་པའི་འཛིན་འཆགས་བྱས་ཤིང་གཉེར་པའང་མཉམ་དུ་ཟིན་པར་ཆུ་ཆགས་ཡང་ཡང་བརྒྱབས་སོང་ཀྱང་ཚིག་ཁ་མ་ཐལ་གཤིས་རེ་ཞིག་སོག་པོ་རེར་རྩིས་སྤྲད་པའི་དམ་རྩི་ཆེ་བར་བྱུང༌། བློ་གསལ་རྨོར་དུ་ཡོད་པའང་འཕྲལ་དུ་ལྷ་སར་སླེབས། ཐམས་ཅད་ནས་སྐུ་རིམ་སྨར་བ་དང༌། མཁྱེན་རབ། བློ་མཁར་ནས། ལགས་འོར་སྟོད། ཆོས་མཛད་དོན་གྲུབ་སོགས་ཀྱིས་ཀྱང་བསྡུ་ཆ་མཛད་པའི་སྐུ་རིམ་སྨར་བ་བྱུང་འདུག །བློ་གསལ་གྲུལ་ཐུབ་གྲགས་པའི་སྡེ་སྲིད་སྐུ་ཞབས་སུ་སྡེ་པ་མདོ་མཁར་ནས་ཀྱིས་ཞུ་བ་གནང་ཞིང༌། སོག་པོར་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས་ཐབས་འཁྲུལ་སྣ་ཚོགས་བྱས་པ་དང༌། ཕ་བླ་མ་ཚར་པ་ཆེན་པོའི་ཆོས་སྲུང་རྣམས་ཀྱི་ཐུགས་རྗེས་དགོན་པ་རྣམས་སུའང་སོག་པོའི་བསུན་གཙེར་མེད་པའི་སྟེང་ཟླ་གཅིག་ཞག་བཞི་ཐོག་ནས་སྟག་རྩེ་སྐུ་ཚབ། དགེ་སློང་ནམ་མཁའ་རྒྱལ་མཚན་བློ་གསལ་བཅས་པས་ཕྱིང་གུར་ནང་ནས་ཐོན་ནས་སླེབས་འཕྲལ་ལེགས་སོ་བྱེད་མིའང་ཤིན་ཏུ་མང་བར་བྱུང་